མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་སྐྲུན་ཚོགས་ཁག་གིས་ཉིན་དེར་བདེ་བླག་ངང་ཡེ་མིན་གྱི་མཚོ་དམར་མཚོ་ཁོངས་སུ་བསྡད་ཡོད་པའི་སཱ་ཧྥེ་ཨར་རྟགས་ཅན་གྱི་སྣུམ་གསོག་གྲུ་གཟིངས་ཆེན་མོའི་སྟེང་གི་མ་བཅོས་རྡོ་སྣུམ་ཚང་མ་ཚབ་བྱེད་གྲུ་གཟིངས་ཀྱི་སྟེང་དུ་བླངས་ནས། རྙིང་ཞན་ཅན་གྱི་གནད་དོན་ཚབས་ཆེ་བའི་སྣུམ་གསོག་གྲུ་གཟིངས་དེས་མཚོ་དམར་གྱི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་འཇིགས་ཉེན་མེད་པར་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟོ་སྐྲུན་ཚོགས་ཁག་གིས་ས་དེའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་སྟེང་མ་བཅོས་རྡོ་སྣུམ་ཚང་མ་ཚབ་བྱེད་གྲུ་གཟིངས་སྟེང་དུ་ལེན་པའི་བྱ་བ་ཡོངས་འགྲུབ་བྱས། སཱ་ཧྥེ་ཨར་རྟགས་ཅན་གྱི་གྲུ་གཟིངས་སྟེང་གི་ཟོ་ས་ཡ་གཅིག་དང་འབུམ་གཅིག་ལྷག་གི་མ་བཅོས་རྡོ་སྣུམ་དེ་ཡེ་མིན་རྟགས་ཅན་གྱི་གྲུ་གཟིངས་སྟེང་བླངས་པ་རེད། མ་བཅོས་རྡོ་སྣུམ་བརྒྱུད་ལེན་བྱེད་པའི་བྱ་བ་དེ་ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན་ནས་མགོ་བརྩམས་པ་རེད།
གསལ་སྒྲོག་ལས་བཤད་རྒྱུར། བཟོ་སྐྲུན་ཚོགས་ཁག་གིས་གྲུ་གཟིངས་དེའི་ནང་གི་མ་བཅོས་རྡོ་སྣུམ་མང་ཆེ་བ་བླངས་ཡོད་ཀྱང་། བརྒྱ་ཆའི་གཉིས་ཀྱི་མ་བཅོས་རྡོ་སྣུམ་དེ་གྲུ་གཟིངས་ཞབས་ངོས་སུ་སྙིགས་རོ་དང་མཉམ་དུ་འདྲེས་ཡོད་པས་བརྒྱུད་ལེན་བྱེད་ཐབས་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁག་གིས་དེའི་རྗེས་སུ་གྲུ་གཟིངས་ནང་ངོས་སུ་འཛུལ་ནས་སྙིགས་རོ་དེ་དག་གཙང་དག་བྱེད་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་སཱ་ཧྥེ་ཨར་རྟགས་ཅན་གྱི་གྲུ་གཟིངས་སྟེང་གི་མ་བཅོས་རྡོ་སྣུམ་བརྒྱུད་ལེན་བྱེད་པའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པར་དགའ་བསུ་ཞུས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྣེ་ཁྲིད་པའི་འགུལ་སྐྱོད་ལས་འབྱུང་སྲིད་པའི་ཁོར་ཡུག་དང་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཞིག་སྔོན་འགོག་བྱས་ཡོད་པའི་ཚུལ་བསྟན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་བ་ཀི་ལོས་སི་ལེ་ཡིས་གསལ་སྒྲོག་ནང་བསྟན་དོན། དེ་རིང་ནི་གལ་ཆེ་བའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན་ཟེར། ཁོས་བཤད་རྒྱུར། གོ་རིམ་རྗེས་མར་ཡེ་མིན་རྟགས་ཅན་གྱི་གྲུ་གཟིངས་སྟེང་ཆུ་ཁར་གཡེང་བའི་གཏིང་རྡོ་སྒྲིག་སྦྱོར་བྱས་ནས་གྲུ་གཟིངས་དེ་བདེ་འཇགས་ངང་མིག་སྔའི་མཚོ་ཁོངས་སུ་བརྟན་པོར་འདོགས་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།