རྟེན་གཞི་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བཟོ་བ་ལྔ་ཡེ་མིན་ནས་བཙོན་གྲོལ་བཏང་།
2023.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ན་ནིང་ཡེ་མིན་ལྷོ་ཕྱོགས་ས་ཁུལ་ནས་རྟེན་གཞི་རྩ་འཛུགས་ཀྱིས་བཙན་ཁྲིད་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བཟོ་བ་ལྔ་བཙོན་གྲོལ་བཏང་། མི་ལྔ་བོ་དེ་ནི་ཡེ་མིན་ དང་བྷང་ག་ལཱའི་སྤྱི་དམངས་ཡིན་པ་དང་། མིག་སྔར་ལུས་ཕུང་གནས་ཚུལ་བཟང་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་བ་ཀི་ལོས་སི་ལེ་ཡིས་བཤད་རྒྱུར། ཁོ་དང་དེའི་ནང་གི་མི་བཞི་གནམ་གྲུར་བསྡད་དེ་ཡེ་མིན་གྱི་གནས་སྐབས་རྒྱལ་ས་ཡཱ་ཏེན་དུ་འབྱོར་ཡོད་པ་དང་། བཙན་ཁྲིད་བྱེད་མཁན་ནི་ཨ་རབ་ཕྱེད་གླིང་རྟེན་གཞི་རྩ་འཛུགས་ཡིན་པ་ཐག་གིས་བཅད་ཆོག་ཟེར།

ཨ་རབ་ཕྱེད་གླིང་རྟེན་གཞི་རྩ་འཛུགས་ནི་རྟེན་གཞི་རྩ་འཛུགས་ཀྱི་ཡེ་མིན་གྱི་ཡན་ལག་རུ་ཁག་ཡིན་པ་རེད། ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཡན་ལག་རུ་ཁག་དེ་ནི་ཡེ་མིན་གྱི་ནང་འཁྲུག་ལས་བྱུང་བའི་བདེ་འཇགས་ཀྱི་བར་སྟོང་བེད་སྤྱད་དེ་འཕེལ་རྒྱས་བྱུང་བ་ཡིན་པས། རྟེན་གཞི་རྩ་འཛུགས་ཀྱི་ཆེས་ཉེན་ཁ་ཆེ་བའི་ཡན་ལག་རུ་ཁག་ཅིག་ཏུ་བསམ་ཡོད། རྩ་འཛུགས་དེ་ཡེ་མིན་ནས་དུས་རྒྱུན་འགུལ་སྐྱོད་བྱེད་བཞིན་ཡོད་པར་མ་ཟད། ཨ་མེ་རི་ཁ་སོགས་རྒྱལ་ཁབ་ལ་འཇབ་རྒོལ་བྱེད་པར་ཡང་འཆར་འགོད་བྱེད་བཞིན་ཡོད་པ་རེད།

བཙན་ཁྲིད་བྱས་པའི་མི་ལྔ་བོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་དང་བདེ་སྲུང་པུའུ་རུ་བྱ་བ་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་དུ་ལས་འགན་ལག་བསྟར་བྱས་ཏེ། ཡཱ་ཏེན་དུ་ཕྱིར་ལོག་པའི་ལམ་བར་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱིས་བཙན་ཁྲིད་བྱས་པ་རེད། ཡེ་མིན་གྱི་དཔོན་རིགས་དང་ཚོ་ཁག་གི་རྒན་པ་དག་གིས་དེའི་རྗེས་སུ་བཙན་ཁྲིད་མཁན་ནི་རྟེན་གཞི་རྩ་འཛུགས་ཀྱི་མི་སྣ་ཡིན་པར་ངོས་འཛིན་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཧཱ་ཁི་ཡིས་བཤད་རྒྱུར། མི་དེ་ལྔ་བོར་ཡང་བསྐྱར་རང་དབང་ཐོབ་པར་བརྩོན་ལེན་བྱེད་པའི་གྲོས་མོལ་འཕེལ་རིམ་རིང་ཞིང་དཀའ་ཚེགས་ཆེ་བ་དང་། ཡེ་མིན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཨ་མན་གྱི་དཔོན་རིགས་ཀྱང་གྲོས་མོལ་ནང་ཞུགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།