ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གསར་འགྱུར་ཁྲུའུ་ཡིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སུའུ-30རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་གིས་ཨུ་རུ་སིའི་ཅཱ་ལི་ཉིན་ཀི་ལེ་མངའ་སྡེ་རུ་འཕུར་རྩལ་སྦྱོང་བརྡར་བྱེད་སྐབས་སར་ལྷུང་ནས། གནམ་གྲུའི་སྟེང་གི་མི་གཉིས་པོ་རྐྱེན་ལམ་དུ་ཤོར།
བསྒྲགས་པ་ལྟར་ན། འཐབ་འཛིང་གནམ་གྲུ་དེས་ཉིན་དེར་འཕུར་རྩལ་སྦྱོང་བརྡར་བྱེད་སྐབས་མི་མེད་པའི་ས་ཁུལ་ནས་སར་ལྷུང་བ་རེད། ཐེངས་འདིའི་འཕུར་སྐྱོད་སྐབས་མདེལ་རྫས་སྒྲིག་སྦྱོར་བྱས་མེད་པ་དང་། གནམ་གྲུའི་སྟེང་གི་མི་གཉིས་པོ་རྐྱེན་ལམ་དུ་ཤོར་བ་རེད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོན་རྐྱེན་དེའི་འབྱུང་རྐྱེན་ནི་ལག་རྩལ་ཆག་སྒོའི་དབང་གིས་ཡིན་པ་རེད།
སུའུ-30རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ནི་ཨུ་རུ་སིའི་མི་གཉིས་བསྡད་ཆོག་པའི་སྒུལ་འཁོར་ཟུང་ལྡན་གྱི་སྤྱོད་སྒོ་ཆེ་བའི་འཐབ་འཛིང་གནམ་གྲུ་ཆེ་གྲས་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།