སུའུ་ཏན་དྲག་ཆས་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། དམག་ཕྱོགས་ཀྱི་དམིགས་བསལ་དམག་དཔུང་ཞིག་གིས་ཉིན་དེར་སུའུ་ཏན་ནུབ་ཕྱོགས་ཀྱི་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཨིག་པེད་དབྱེ་ཏི་རུ་བཅའ་སྡོད་བྱེད་པའི་འཕྲལ་མྱུར་རོགས་སྐྱོབ་དམག་དཔུང་ལ་འཇབ་རྒོལ་བྱས་ནས། མི་ཉེར་དྲུག་བསད་ཟེར།
སུའུ་ཏན་དྲག་ཆས་དམག་དཔུང་གིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། དམིགས་བསལ་དམག་དཔུང་གིས་མི་ཉེར་དྲུག་བསད་པ་དང་། རླངས་འཁོར་གཉིས་ལ་གཏོར་བཤིག་བཏང་ཡོད་ཟེར། སུའུ་ཏན་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མིག་སྔར་ད་རུང་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
དེ་ལས་གཞན་དཔོན་ཕྱོགས་མ་ཡིན་པའི་ལས་ཁུངས་སུའུ་ཏན་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་ཉིན་དེར་བཤད་རྒྱུར། སུའུ་ཏན་དྲག་ཆས་དམག་དཔུང་དང་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ལྷོ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ནེ་ཡཱ་ལཱ་ནས་འཁྲུག་རྩོད་བྱས་ཏེ། མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་ཟེར།
ཕྱོགས་གཞན་ཞིག་ནས་སུའུ་ཏན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཚེས་བཅུ་གཅིག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སུའུ་ཏན་གནད་དོན་གྱི་དམིགས་བསལ་འཐུས་མི་ཕའེ་ཨར་ཐི་སི་ལ་ཕྱོགས་རིས་ཡོད་པར་སྐྱོན་འཛུགས་བྱས་པ་དང་། ཁོའི་བྱ་སྤྱོད་ནི་འཐབ་འཁྲུག་དེའི་འབྱུང་རྐྱེན་གཅིག་ཡིན་པར་བཤད།
ད་ལོའི་ཟླ་ལྔ་བར། སུའུ་ཏན་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་པུའུ་ཨར་ཧན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་འཕྲིན་ཡིག་བསྐུར་ནས། ཕའེ་ཨར་ཐི་སི་བརྗེ་སྤོར་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཕའེ་ཨར་ཐི་སི་ཡིས་སུའུ་ཏན་གྱི་ཆབ་སྲིད་བར་བརྒལ་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལག་བསྟར་བྱེད་སྐབས་བསམ་བཞིན་དུ་མགོ་བསྐོར་བཏང་བའམ་བརྡ་འཕྲིན་རྫུན་མ་བསྒྲགས་ནས། གྲོས་མོལ་ལ་གཏོར་བརླག་ཐེབས་ནས་འཁྲུག་རྩོད་བྱུང་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།