ཨན་ཁོ་ལཱའི་ཙུང་ཐུང་ལོ་ལོན་སོ་ཡིས་ཚེས་བཅུ་གཅིག་ཉིན་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས་ཀྱིས་འཛུགས་སྐྲུན་གྱི་འགན་ཁུར་བའི་ཨན་ཁོ་ལཱ་ལྷོ་ཕྱོགས་ཀྱི་ཐན་འགོག་བཟོ་སྐྲུན་ཨིན་ཏུའུ་ཆུ་རགས་ཆེན་མོའི་ལས་གཞིར་རྟོག་ཞིབ་བྱས་པ་དང་། ལས་གཞིའི་གྲུབ་འབྲས་ལ་ཡིད་ཚིམས་པའི་ཚུལ་བསྟན།
ཨིན་ཏུའུ་ཆུ་རགས་ཆེན་མོ་དེ་ཨན་ཁོ་ལཱའི་ཁུའུ་ནེ་ནེ་ཞིང་ཆེན་གྱི་ཁུའུ་ཝེ་ལཱ་དབྱེ་གྲོང་ཁྱེར་དུ་གནས་ཤིང་། དམིགས་ཡུལ་ནི་ས་ཁུལ་དེར་དུས་ཡུན་རིང་བོར་ཆུའི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱེད་ཆེད་རེད། ལོ་ལོན་སོ་ཡིས་ཉིན་དེར་ཆུ་རགས་ཆེན་མོའི་ལས་ཡུལ་དུ་འཚམས་འདྲི་བྱས་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ལས་གཞིའི་འཛུགས་སྐྲུན་ཁྲོད་མངོན་པར་བྱས་པའི་ཆེད་ལས་ཆུ་ཚད་དང་ལག་བསྟར་ཤུགས་ཚད་ལ་གཟེངས་བསྟོད་བྱས།
མཉམ་དུ་རྟོག་ཞིབ་བྱས་པའི་ཨན་ཁོ་ལཱ་རྒྱལ་ཁབ་ཆུའི་ཐོན་ཁུངས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཨན་པུའུ་ལོ་ཞི་ཨོ་ཡིས་བཤད་རྒྱུར། ཨིན་ཏུའུ་ཆུ་རགས་ཆེན་མོའི་ཆེས་ཆེ་བའི་ཤོང་ཚད་སྨིད་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གཅིག་དང་བྱེ་བ་བདུན་ཡིན་ལ། ལེགས་འགྲུབ་བྱུང་རྗེས་ས་དེའི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་ཆེན་པོ་བྱེད་ཐུབ།
ཚོད་དཔག་བྱས་ན་ལས་གཞི་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་དགུ་བར་ཡོངས་འགྲུབ་བྱེད་རྒྱུ་རེད། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་སྡེ་ཚོགས་ཀྱི་དམིགས་བསལ་འཐུས་མིའི་ཁྲུའུ་ཡི་སྤྱི་ཁྱབ་སྤྱི་གཉེར་བ་ལིས་ཞོན་ཧྥུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་དེ་འགྲུབ་རྗེས་ས་དེའི་སྡོད་དམངས་ཀྱི་ཆུ་བཀོལ་དགོས་མཁོ་བསྐང་ཐུབ་པ་དང་། སྒོ་ཕྱུགས་ཀྱི་འཐུང་ཆུ་མཁོ་འདོན་བྱེད་ཐུབ་པར་མ་ཟད། ཞིང་ས་ཀུང་ཆིང་སྟོང་དགུ་དང་ཉིས་བརྒྱར་ལོ་ཧྲིལ་བོར་ཆུ་གཏོང་ཐུབ་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།