ཕཱ་ཁི་སི་ཐན་གྱི་ཙུང་ཐུང་གིས་གྲོས་ཞུགས་གྲོས་མི་ཁཱ་ཁཱ་ཨར་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱེད་པར་ཆོག་མཆན་བཀོད།
2023.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཕཱ་ཁི་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། ཙུང་ཐུང་ཨ་ཨར་ཝེ་ཡིས་གྲོས་ཞུགས་གྲོས་མི་ཁཱ་ཁཱ་ཨར་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱེད་པར་ཆོག་མཆན་བཀོད།

སྤྱི་སྒྲོག་ལས་བཤད་རྒྱུར། ཨ་ཨར་ཝེ་ཡིས་ཉིན་དེར་ཙུང་ལི་ཞཱ་པཱ་ཙི་དང་གྲོས་ཁང་ཞོལ་མའི་ངོ་རྒོལ་ཏང་ཁག་གི་གཙོ་འཛིན་ལི་ཡཱ་ཙི་གཉིས་ཀྱིས་མཉམ་དུ་སྤྲད་པའི་ཁཱ་ཁཱ་ཨར་ལྟ་སྐྱོང་ཁང་གི་ཙུང་ལིར་བསྐོ་འཇོག་བྱེད་པའི་གྲོས་གཞིར་ཆོག་མཆན་བཀོད།

ཁཱ་ཁཱ་ཨར་ནི་ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་ཡོང་བ་དང་། ཉིས་སྟོང་བཅོ་བརྒྱད་ལོ་ནས་ད་ལྟའི་བར་ཕཱ་ཁི་སི་ཐན་གྲོས་ཞུགས་གྲོས་མིར་བདམས་པ་དང་། ཁོ་ནི་གྲོས་ཞུགས་ཁང་གི་ཕྱི་སྡོད་རང་མི་དང་མི་ཤུགས་ཐོན་ཁུངས་འཕེལ་རྒྱས་དང་། ཚོང་ལས་བློ་འདྲི། ནོར་སྲིད་ཁྲལ་བསྡུ། ཕྱི་ཕྱོགས་ལས་དོན། ཚན་རིག་ལག་རྩལ་སོགས་ཨུ་ཡོན་ལྷན་ཁང་མང་བོའི་ཨུ་ཡོན་རེད།

སྐབས་འདིའི་ཕཱ་ཁི་སི་ཐན་རྒྱལ་དམངས་གྲོས་ཁང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། འགན་ཡུན་ལོ་ལྔ་རེད། ཟླ་འདིའི་ཚེས་དགུ་ཉིན་ཨ་ཨར་ཝེ་ཡིས་རྒྱལ་དམངས་གྲོས་ཁང་གཏོར་བར་ཆོག་མཆན་བཀོད་པ་དང་། དེ་ལས་སྐབས་འདིའི་སྲིད་གཞུང་དངོས་སུ་གཏོར་བ་མཚོན་ཡོད། ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིས་ལྟ་སྐྱོང་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་འགན་ཁུར་རྒྱུ་ཡིན་པ་དང་། སྐབས་རྗེས་མའི་རྒྱལ་དམངས་གྲོས་ཁང་དང་སྲིད་གཞུང་བདམས་ཐོན་འབྱུང་རག་བར་རྒྱལ་ཁབ་ཀྱི་ལས་དོན་ཐག་གཅོད་བྱེད་དགོས་པ་རེད།

ཕཱ་ཁི་སི་ཐན་གྱི་རྩ་ཁྲིམས་ལྟར་ན། སྐབས་འདིའི་རྒྱལ་དམངས་གྲོས་ཁང་དེ་ཁྲིམས་བཅད་འགན་ཡུན་མ་ལོངས་གོང་གི་ཉིན་གསུམ་གྱི་སྔོན་ལ་གཏོར་དགོས་པ་དང་། ཉིན་དགུ་བཅུའི་ནང་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་དགོས། མིག་སྔའི་བར་ཕཱ་ཁི་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྐབས་འདིའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་དུས་ཚོད་ཁྱབ་བསྒྲགས་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།