ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཚེས་བཅུ་གསུམ་ཉིན་ཨན་ཁོ་ལཱའི་རྒྱལ་ས་ལོ་ཨན་ཏཱ་ནས་ཨན་ཁོ་ལཱའི་དཔལ་འབྱོར་མཐུན་སྦྱོར་གྱི་རྒྱལ་དོན་པུའུ་ཀྲང་མཱ་སཱ་ནོའུ་དང་མཉམ་དུ་ཀྲུང་གོ་དང་ཨན་ཁོ་ལཱའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨན་ཁོ་ལཱ་ཕྱོགས་གཉིས་ཀྱི་དངུལ་གཏོང་གྲོས་ཆོད་ཀྱི་གྲོས་མོལ་ཡོངས་འགྲུབ་བྱས་པ་ཁྱབ་བསྒྲགས་བྱས་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཉོ་ཚོང་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས། ཐོན་ལས་འཕེལ་རྒྱས། མི་ཤུགས་ཐོན་ཁུངས་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཝང་ཝུན་ཐའོ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཨན་ཁོ་ལཱའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ལོ་ནི་ཀྲུང་གོག་དང་ཨན་ཁོ་ལཱའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་འགོར་བའི་ལོ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་དེ་གོ་སྐབས་སུ་བྱས་ནས་དུས་རིམ་རྗེས་མའི་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གཅིག་འདོམས་བྱས་ཏེ། ཉོ་ཚོང་དངུལ་གཏོང་མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་བ། རྨང་གཞིའི་སྒྲིག་ཆས་ཀྱི་མཉམ་ལས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ནུས་པའི་ཐོན་ཁུངས་དང་བཟོ་སྐྲུན་ལས་རིགས། ཞིང་ལས་དང་ཉ་གསོ་ལས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། མཉམ་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཨན་ཁོ་ལཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ཐད་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།
མཱ་སཱ་ནོའུ་ཡིས་བསྟན་དོན། ཀྲུང་གོ་ནི་ཨན་ཁོ་ལཱའི་བློས་ཐུབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གྲོགས་པོ་ཡིན་པ་དང་། ཨན་ཁོ་ལཱ་ཡིས་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཨན་ཁོ་ལཱའི་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད།
ཨན་ཁོ་ལཱ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བོ་ཨན་ཁོ་ལཱ་རུ་ཡོང་ནས་དངུལ་གཏོང་ལས་སྤེལ་བྱེད་པ་དང་། ཨན་ཁོ་ལཱའི་དཔལ་འབྱོར་སྣ་མང་ཅན་གྱི་འཕེལ་རིམ་ལ་ཧུར་ཐག་སྒོས་ཞུགས་ནས། ཨན་ཁོ་ལཱ་དང་ཀྲུང་གོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་དགའ་བསུ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།