ནེ་ཀྲི་རི་ཡཱའི་དབྱི་སི་ལན་ཆོས་ཁང་ཞིག་ལ་རྡིབས་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།
2023.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ནེ་ཀྲི་རི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བདེན་དཔང་བྱས་དོན། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཁཱ་ཏུའུ་ནཱ་མངའ་སྡེའི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཚེས་བཅུ་གཅིག་ཉིན་རྡིབས་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག

ཁཱ་ཏུའུ་ནཱ་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ཞིག་གིས་ཉིན་དེར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་དོན། མངའ་སྡེ་དེའི་བྱང་ཕྱོགས་ཀྱི་ཀྲ་ལི་ཡཱ་གྲོང་རྡལ་དུ་གནས་པའི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་གློ་བུར་དུ་རྡིབས་སྐྱོན་བྱུང་སྟེ། མང་ཚོགས་མི་ཉུང་བ་ཞིག་ཞིག་རོའི་འོག་ཏུ་མནན། རྒུད་སྐྱོབ་མི་སྣས་ཞིག་རོའི་འོག་ནས་བེམ་པོ་བཅུ་རྙེད་པ་དང་། རྨས་མ་ཉེར་ལྔ་བསྐྱབས། དེའི་ནང་མི་བདུན་གྱི་རྨས་སྐྱོན་ཅུང་ཚབས་ཆེན་རེད། མིག་སྔར་རྒུད་སྐྱོབ་བྱ་བ་མཇུག་སྒྲིལ་ཡོད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ནེ་ཀྲི་རི་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྡིབས་སྐྱོན་བྱུང་བའི་དབྱི་སི་ལན་གྱི་ཆོས་ཁང་ནི་ས་དེའི་མིང་དུ་གྲགས་པའི་ལོ་རྒྱུས་ཀྱི་བཟོ་བཀོད་ཅིག་ཡིན་པ་དང་། དུས་རབས་བཅུ་དགུ་བའི་ལོ་རབས་སུམ་ཅུའི་ནང་ལས་པ་རེད། དོན་རྐྱེན་མ་བྱུང་བའི་སྔ་ཉིན་མི་ལ་ལས་དབྱི་སི་ལན་ཆོས་ཁང་དེའི་རྩིག་ངོས་སུ་གས་སྲུབས་བྱུང་བ་མཐོང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།