ཨ་མེ་རི་ཁའི་ཞཱ་ཝེ་ཡེ་མངའ་སྡེའི་མའོ་དབྱེ་རྫོང་སྲིད་གཞུང་གིས་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་སྤེལ་བའི་གནས་ཚུལ་གསར་བ་ལྟར་ན། བསྟུད་མར་ཉིན་འགའི་རིང་གི་རི་མགོའི་མེ་སྐྱོན་ལས་མངའ་སྡེ་དེའི་མའོ་དབྱེ་གླིང་ཕྲན་དུ་མི་གོ་གསུམ་རྐྱེན་ལམ་དུ་ཤོར་ཟེར།
བསྒྲགས་པ་ལྟར་ན། ཚབ་མིང་ལ་ཕུའུ་ལའེ་ཧུའུ་ཟེར་བའི་རི་མགོའི་མེ་སྐྱོན་དེར་ཚེས་བཅུ་གཉིས་ཉིན་ཚོད་འཛིན་ཐེབས་ཡོད་པ་དང་། མིག་སྔར་མེ་གསོད་མི་སྣས་སྔར་བཞིན་དུ་ཚབ་མིང་ལ་ལཱ་ཧེ་ནཱ་ཟེར་བའི་རི་མགོའི་མེ་སྐྱོན་ཚོད་འཛིན་བྱེད་པར་ཐབས་བཀོད་འཐེན་བཞིན་ཡོད། མི་གྲངས་ཁྲི་གཅིག་དང་སྟོང་གཉིས་ཡོད་པའི་ལཱ་ཧེ་ནཱ་གྲོང་རྡལ་དེ་མེ་སྐྱོན་གྱིས་རྨེག་མེད་དུ་བཏང་བར་མ་ཟད། རི་མགོའི་མེ་སྐྱོན་གྱིས་ས་ཁུལ་གཞན་པར་ཡང་ཁང་ཤར་བཅུ་དགུར་གཏོར་བརླག་བཏང་ཡོད་པ་རེད།
ཞཱ་ཝེ་ཡེ་མངའ་སྡེའི་མགོ་བ་ཀི་ལིན་གྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། རྒུད་སྐྱོབ་བྱ་བར་སྐུལ་འདེད་བཏང་བ་དང་བསྟུན་ནས། ཤི་རྨས་ཐེབས་པའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་པ་དང་། རི་མགོའི་མེ་སྐྱོན་ལས་བཟོས་པའི་གྱོང་གུད་དེ་ཚོད་དཔག་བྱས་ན་མེ་སྒོར་ཐེར་འབུམ་དྲུག་ཙམ་ཡིན་ཟེར།
མིག་སྔར་ཨ་མེ་རི་ཁའི་དཔོན་ཕྱོགས་ཀྱིས་མེ་སྐྱོན་དེའི་འབྱུང་རྐྱེན་མཇུག་འབྲས་ཁྱབ་བསྒྲགས་བྱས་མེད། ཀི་ལིན་གྱིས་དེའི་སྔོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། དྲག་རླུང་དང་མེ་སྐྱོན་བྱུང་སྐབས་ས་དེའི་ཁོར་ཡུག་ཏུ་ཐན་སྐམ་ཆེ་བ་ནི་མེ་སྐྱོན་དེ་ཚོད་འཛིན་བྱེད་དཀའ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།