མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་སྔ་སྣུར་གྱིས་མཱ་ལིའི་བྱང་ཕྱོགས་ཀྱི་རྟེན་གཞི་ནས་ཕྱིར་འཐེན་བྱས།
2023.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་ཚེས་བཅུ་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། བདེ་འཇགས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་སོང་བར་དམིགས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཱ་ལིའི་རིམ་པ་མང་བོའི་ཕྱོགས་བསྡུས་གཏན་འཇགས་ཚོགས་པ་སྔ་སྣུར་གྱིས་མཱ་ལིའི་བྱང་ཕྱོགས་ཀྱི་པེ་ཨར་རྟེན་གཞི་ནས་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་པ་ཡིན་ཡང་། གཏན་འཇགས་ཚོགས་པའི་རླངས་འཁོར་རུ་ཁག་ལ་ཉིན་དེར་ཕྱིར་འཐེན་བྱེད་པའི་ལམ་བར་ནས་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཞི་བདེ་སྲུང་སྐྱོབ་མི་སྣ་གསུམ་ལ་རྨས་ཕོག་ཟེར།

ས་ཁུལ་གྱི་བདེ་འཇགས་གནས་བབ་བསྟུད་མར་ཇེ་སྡུག་ཏུ་སོང་བ་དང་ང་ཚོའི་ཞི་བདེ་སྲུང་སྐྱོབ་མི་སྣར་ཉེན་ཁ་ཆེན་པོ་ཐེབས་པའི་དབང་གིས་མཱ་ལིའི་གཏན་འཇགས་ཚོགས་པས་པེ་ཨར་ནས་ཕྱིར་འཐེན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བཞིན་ཡོད། གཏན་འཇགས་ཚོགས་པས་ཉིན་དེར་སྨྱན་བྱད་སྟེགས་བུ་བརྒྱུད་དེ་གནས་ཚུལ་དེ་སྤེལ་བར་མ་ཟད། འབྲེལ་ཡོད་ཕྱོགས་ཀྱིས་ཕྱིར་འཐེན་བྱེད་པའི་བྱ་བ་སྔར་ལས་རྙོག་འཛིང་དུ་གཏོང་སྲིད་པའི་འགུལ་སྐྱོད་སྤེལ་མི་རུང་བའི་སྐུལ་མ་བཏང་།

མཱ་ལིའི་གཏན་འཇགས་ཚོགས་པས་དུས་ཚོད་འགའི་རྗེས་སུ་ཡང་བསྐྱར་གནས་ཚུལ་སྤེལ་ཏེ། ཉིན་དེར་པེ་ཨར་རྟེན་གཞི་ནས་ཕྱིར་འཐེན་བྱས་པའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེངས་གཉིས་ཐེབས་པ་དང་། ཞི་བདེ་སྲུང་སྐྱོབ་མི་སྣ་གསུམ་ལ་རྨས་ཕོག རྨས་མ་དག་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཐུང་པུའུ་ཐུའུ་རུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། གཏན་འཇགས་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་མི་སྣར་དམིགས་པའི་འཇབ་རྒོལ་བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་བའི་འཐབ་འཁྲུག་ནག་ཉེས་ཡིན་པ་སྐྱོན་འཛུགས་བྱས།

མཱ་ལི་སྲིད་གཞུང་གི་རེ་བ་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྲོས་ཆོད་བཀོད་དེ། མཱ་ལིའི་གཏན་འཇགས་ཚོགས་པས་ད་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་མཱ་ལིའི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་མཚམས་འཇོག་རྒྱུའི་དབང་ཆ་བསྩལ་ཡོད་པ་དང་། ལས་འགན་བརྗེ་སྤོར་དང་མི་སྣའི་གོ་རིམ་ལྡན་པའི་གཅིག་བསྡུས་དང་ཕྱིར་འཐེན་སོགས་ཀྱི་བྱ་བ་མགོ་བརྩམས་པ་རེད། འཆར་གཞི་ལྟར་ན། གོང་གི་བྱ་བ་དེ་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔོན་ལ་ཡོངས་འགྲུབ་བྱེད་དགོས།

མཱ་ལི་ནི་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་སྤེལ་བའི་ཆེས་ཉེན་ཁ་ཆེ་བའི་རྒྱལ་ཁབ་ཡིན་ཞིང་། ཉིས་སྟོང་བཅུ་གསུམ་ལོར་མཱ་ལིའི་གཏན་འཇགས་ཚོགས་པ་རྩ་འཛུགས་བྱས་པའི་ཚུན་ལ། ཞི་བདེ་སྲུང་སྐྱོབ་མི་སྣ་སུམ་བརྒྱ་ལྷག་གིས་རང་སྲོག་བློས་བཏང་ཡོད།

མཱ་ལིའི་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སྲིད་གཞུང་དམག་དཔུང་དང་འཇིགས་སྐུལ་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་པེ་ཨར་རྟེན་གཞི་ཡོད་སའི་པེ་ཨར་གྲོང་རྡལ་ནས་འཁྲུག་རྩོད་བྱས་ཏེ། དམག་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་འཇིགས་སྐུལ་ཉེས་ཅན་ཉེར་བཞི་བསད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།