ཨེ་ཅིབ་དང་ཅོར་ཏན། ཕཱ་ལེ་སི་ཐན་བཅས་ཀྱིས་ཕྱོགས་གསུམ་མགོ་གཙོའི་གྲོས་ཚོགས་བསྡུས་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ལ་གྲོས་བསྡུར་བྱས།
2023.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། ཨེ་ཅིབ་བྱང་ཕྱོགས་ཀྱི་ས་དཀྱིལ་མཚོ་ཁོངས་ཀྱི་ཨ་ལཱ་མན་གསར་བ་གྲོང་ཁྱེར་ནས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་བཅས་ཕྱོགས་གསུམ་གྱི་མགོ་གཙོའི་གྲོས་ཚོགས་ལ་ཞུགས།

ཟླ་བརྒྱད་པའི་ཚེས་བཅུ་བཞི་ཉིན། ཨེ་ཅིབ་བྱང་ཕྱོགས་ཀྱི་ས་དཀྱིལ་མཚོ་ཁོངས་ཀྱི་ཨ་ལཱ་མན་གསར་བ་གྲོང་ཁྱེར་ནས། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་བཅས་ཕྱོགས་གསུམ་གྱི་མགོ་གཙོའི་གྲོས་ཚོགས་ལ་ཞུགས།

ཨེ་ཅིབ་དང་ཅོར་ཏན། ཕཱ་ལེ་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཚེས་བཅུ་བཞི་ཉིན་ཨེ་ཅིབ་བྱང་ཕྱོགས་ཀྱི་ས་དཀྱིལ་མཚོ་ཁོངས་ཀྱི་ཨ་ལཱ་མན་གསར་བ་གྲོང་ཁྱེར་ནས་ཕྱོགས་གསུམ་གྱི་མགོ་གཙོའི་གྲོས་ཚོགས་བསྡུས་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་མཚམས་འཇོག་པ་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས།

ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་གྲོས་ཚོགས་གྲོལ་རྗེས་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་དང་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་བཅས་ཀྱིས་ཚོགས་ཐོག་ནས་བསྟན་དོན། ཕཱ་ལེ་སི་ཐན་མི་དམངས་ལ་ཁོ་ཚོའི་ཁྲིམས་མཐུན་ཁེ་དབང་ཚང་མ་ཐོབ་དགོས་པ་དང་། དེའི་ནང་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་། ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པ། བདག་དབང་ལྡན་པའི་རང་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པའི་ཁེ་དབང་ཡང་འདུས་ཡོད། དེའི་ཞོར་དུ་འབྲེལ་ཡོད་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁྲིམས་མཐུན་གྲོས་ཆོད་གཞིར་བཟུང་ནས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས་པར་མ་ཟད། ཆོག་མཆན་ཐོབ་པའི་བཅའ་ཁྲིམས་དོན་ཚན་གྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་དགོས་ཟེར།

རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་ངེས་པར་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས། སྔོན་ཆད་བཀོད་པའི་རྒྱལ་སྤྱིའི་གྲོས་ཆོད། ཡཱ་ཁཱ་པཱ་གྲོས་མོལ་བཅས་ཀྱི་གྲུབ་འབྲས་གཞིར་བཟུང་ནས། རང་གིས་ཁུར་དགོས་པའི་འོས་འགན་ལག་བསྟར་བྱས་ཏེ་དམ་བཅའ་ལག་ལེན་དུ་བསྟར་དགོས། ཕྱོགས་གཉིས་ཀྱིས་དབྱི་སི་རལ་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་བཙན་བཟུང་གྲོང་ཁྱེར་དང་ཕཱ་ལེ་སི་ཐན་གྱི་མིའི་འཇབ་རྒོལ་བྱེད་མཚམས་འཇོག་པ་དང་། ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མེད་པར་བཏང་ནས། བཀག་ཉར་བྱས་པའི་ཕཱ་ལེ་སི་ཐན་གྱི་མ་དངུལ་ཕྱིར་སྟེར་དགོས་པའི་རེ་བ་བཏོན། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་མུ་མཐུད་དུ་གྲོས་མོལ་དང་མཐུན་སྦྱོར་བྱས་ཏེ་ཞི་བདེ་གྲོས་མོལ་སླར་གསོ་བྱེད་པ་དང་། དབྱི་སི་རལ་གྱི་བཙན་བཟུང་མཇུག་སྒྲིལ་ནས། རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་དྲང་བདེན་དང་ཕྱོགས་ཡོངས་ཀྱི་ཞི་བདེ་མངོན་འགྱུར་བྱེད་པར་ཡིད་འཐད་བྱུང་།


བསོད་ནམས་ཚེ་རིང་གིས་བསྒྱུར།