ཅིན་ཀྲིན་ཨིན་གྱིས་དམག་ཆས་བཟོ་གྲྭར་རྟོག་ཞིབ་བྱས་ནས་དམག་གྲབས་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས།
2023.08.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་བཅུ་བཞི་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་འཐབ་རྩལ་འཕུར་མདའི་བཟོ་གྲྭ་སོགས་དམག་ཆས་བཟོ་གྲྭ་གལ་ཆེན་ལ་རྟོག་ཞིབ་བྱས་པ་དང་། དམག་ཕྱོགས་ཀྱིས་དམག་འཐབ་ལ་གྲ་སྒྲིག་གང་ལེགས་བྱེད་དགོས་པའི་རེ་བ་བཏོན།

བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་རྟོག་ཞིབ་བྱེད་སྐབས་འཐབ་རྩལ་འཕུར་མདའི་བཟོ་གྲྭས་ད་ཡོད་ཀྱི་འཕུར་མདའི་ཐོན་སྐྱེད་ནུས་པ་ལྡབ་འགྱུར་གྱིས་མཐོར་འདེགས་བྱེད་དགོས་པའི་རེ་བ་བཏོན་པ་དང་། འཐབ་རྩལ་འཕུར་མདའི་གཏོང་འཕེན་སྒྲོམ་གཞིའི་བཟོ་གྲྭས་དེང་རབས་ཅན་གྱི་བྱེད་ནུས་མཐོ་བའི་གཏོང་འཕེན་སྒྲོམ་གཞིའི་ཐོན་སྐྱེད་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན། ཅིན་ཀྲིན་ཨིན་གྱིས་འཐབ་འཛིང་ཁྲབ་ལྡན་འཁོར་ལོའི་བཟོ་གྲྭ་ནས་གསར་སྤེལ་བྱས་པའི་སྤྱོད་སྒོ་མང་བའི་འཐབ་འཛིང་ཁྲབ་ལྡན་འཁོར་ལོ་བསྐོར་བ་དང་། ཁའི་ཞེང་ཚད་ཆེ་བའི་མེ་ཤུགས་འཕུར་མདའི་སྒྱོགས་མདེལ་གྱི་བཟོ་གྲྭར་རྟོག་ཞིབ་བྱེད་སྐབས་སྒྱོགས་མདེལ་གྱི་ཐོན་སྐྱེད་ཚད་ཇེ་མང་དུ་བཏང་ནས་གཡུལ་སའི་དམག་དཔུང་གི་འཐབ་འཛིང་ནུས་པར་ཤུགས་སྣོན་དགོས་པའི་རེ་བ་བཏོན།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བཤད་རྒྱུར། ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་དམག་ཕྱོགས་ལ་དུས་ངེས་མེད་དུ་འཐབ་འཁྲུག་གང་རུང་ལ་ཁ་གཏད་འཇལ་པའི་དམག་དོན་སྟོབས་ཤུགས་དྲག་པོ་ལྡན་པར་བྱས་ནས་བཀའ་ལ་སྒུག་དགོས་པའི་རེ་བ་བཏོན།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དེའི་སྔོན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཉེ་ལམ་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ཁྲའོ་ཞན་ཕྱེད་གླིང་གི་ཛ་དྲག་གནས་བབ་ལ་དམིགས་ནས། སྔར་ལས་ལྷག་པའི་སྒོ་ནས་དམག་འཐབ་གྲ་སྒྲིག་ལ་ཤུགས་སྣོན་པར་གྲོས་བསྡུར་བྱས་པ་དང་། རྒྱ་བསྐྱེད་གྲོས་ཚོགས་མ་བསྡུས་གོང་། ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་གྱི་དམག་ཆས་བཟོ་གྲྭ་གལ་ཆེན་སྐོར་ཞིག་ལ་རྟོག་ཞིབ་བྱས་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།