ཕཱ་ཁི་སི་ཐན་གྱི་སྔོན་ཆད་ཀྱི་གྲོས་ཞུགས་ཁང་གི་གྲོས་མི་ཁཱ་ཁཱ་ཨར་གྱིས་ཚེས་བཅུ་བཞི་ཉིན་དངོས་སུ་དམ་བཅའ་བཞག་སྟེ་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིའི་འགན་ཁུར་བ་དང་། ལྟ་སྐྱོང་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་འགན་ཁུར་ནས། སྐབས་རྗེས་མའི་རྒྱལ་དམངས་གྲོས་ཁང་དང་སྲིད་གཞུང་བདམས་ཐོན་འབྱུང་རག་བར་རྒྱལ་ཁབ་ཀྱི་ལས་དོན་ཐག་གཅོད་བྱེད་རྒྱུ་རེད།
ཁཱ་ཁཱ་ཨར་གྱིས་ལས་འགན་ཁུར་བའི་མཛད་སྒོ་དེ་རྒྱལ་ས་དབྱེ་སི་ལན་པའོ་ཡི་ཙུང་ཐུང་བཞུགས་ཤག་ནས་སྤེལ། ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ཡིས་མཛད་སྒོར་མགོ་འཛིན་བྱས་པ་དང་། སྔོན་ཆད་ཀྱི་ཙུང་ལི་ཞཱ་པཱ་ཙི་དང་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སིང་ཅི་ལཱ་ནེ། རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་ཨ་ཧྲི་ལཱ་ཧྥུའུ་སོགས་མཛད་སྒོར་ཞུགས།
ཕཱ་ཁི་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཟླ་འདིའི་ཚེས་བཅུ་གཉིས་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨ་ཨར་ཝེ་ཡིས་ཁཱ་ཁཱ་ཨར་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལིར་བསྐོ་འཇོག་བྱེད་པར་ཆོག་མཆན་བཀོད་ཡོད་ཟེར། ཁཱ་ཁཱ་ཨར་ནི་པུས་ལུའུ་ཀྲི་ཞིང་ཆེན་ནས་ཡོང་བ་དང་། ཉིས་སྟོང་བཅོ་བརྒྱད་ལོར་ཕཱ་ཁི་སི་ཐན་གྱི་གྲོས་ཞུགས་གྲོས་མིར་བདམས་པ་རེད། ལས་འགན་ཁུར་བའི་མཛད་སྒོ་མ་སྤེལ་གོང་། སིང་ཅི་ལཱ་ནེ་ཡིས་ཁཱ་ཁཱ་ཨར་གྱིས་གྲོས་ཞུགས་གྲོས་མིའི་ལས་འགན་བསྐྱུར་བར་ཆོག་མཆན་བཀོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།