ནེ་ཀྲིར་གྱི་སྲིད་འགྱུར་དམག་མིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་ལ་ངོ་ལོག་བྱས་པའི་ཉེས་མིང་གིས་ཙུང་ཐུང་པཱ་ཙུའུ་མུའུ་ཞུ་གཏུག་བྱེད་རྒྱུ་ཡིན་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ནེ་ཀྲིར་གྱི་དམག་མིའི་སྲིད་གཞུང་གིས་བདེན་དཔང་འཚོལ་སྡུད་བྱས་པ་དང་། ནེ་ཀྲིར་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ལ་པཱ་ཙུའུ་མུའུ་དང་དེའི་ནེ་ཀྲིར་མངའ་ཁོངས་ཕྱི་ནང་གི་ངན་གྲོགས་དག་ཞུ་གཏུག་བྱེད་རྒྱུ་ཡིན་ལ། ཉེས་མིང་ནི་རྒྱལ་ཁབ་ལ་ངོ་རྒོལ་བྱས་པ་དང་ནེ་ཀྲིར་ཕྱི་ནང་གི་བདེ་འཇགས་ལ་གཏོར་བརླག་བཟོས་པ་དེ་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དམག་མིའི་སྲིད་གཞུང་གིས་པཱ་ཙུའུ་མུའུ་ལ་དམིགས་པའི་སྐྱོན་འཛུགས་དེས་ནེ་ཀྲིར་གྱི་འབྲེལ་ཡོད་མི་སྣ་དང་རྒྱལ་ཁབ་གཞན་པའི་སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འབྲེལ་ཡོད་འགན་ཁུར་བ་བཅས་བར་གྱི་འགྲོ་འོང་ཟིན་ཐོ་རྨང་གཞིར་བཟུང་ཡོད་ཟེར།
དེ་ལས་གཞན་པཱ་ཙུའུ་མུའུ་ཡིས་རང་ཉིད་བཀག་འཇུག་བྱས་པར་བཤད་པ་དེ་སྲིད་འགྱུར་དམག་མིས་ཁས་ལེན་མ་བྱས།
སྲིད་འགྱུར་དམག་མིས་གསལ་སྒྲོག་ནས་བཤད་རྒྱུར། ཁོ་ཚོས་པཱ་ཙུའུ་མུའུ་ཡི་ཙུང་ཐུང་བཞུགས་ཤག་གི་མཐའ་བསྐོར་མེད་པ་དང་། པཱ་ཙུའུ་མུའུ་ཡིས་ཕྱི་ཕྱོགས་བར་གྱི་འཕྲིན་གཏོང་བྱེད་ཐབས་འཕྲོག་མེད་ལ། དུས་བཅད་ལྟར་སྨན་པ་ཡོང་ནས་ལུས་ཕུང་ཞིབ་བཤེར་བྱས་ཆོག་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།