ཕཱ་ཁི་སི་ཐན་གྱིས་ཚེས་བཅུ་བཞི་ཉིན་བྱ་འགུལ་གཟབ་རྒྱས་སྤེལ་ཏེ། རང་བཙན་བྱས་ནས་ལོ་ངོ་དོན་དྲུག་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
ཉིན་དེར་ཕཱ་ཁི་སི་ཐན་གྱི་ཙུང་ཐུང་ཨ་ཨར་ཝེ་ཡིས་རྒྱལ་ས་དབྱེ་སི་ལན་པའོ་ཀྲིན་ནཱ་གྲོས་ཚོགས་ལྟེ་གནས་སུ་རྒྱལ་དར་བསྒྲེངས་པའི་མཛད་སྒོའི་སྟེང་དངོས་སུ་རྒྱལ་དར་བསྒྲེངས། ཕཱ་ཁི་སི་ཐན་གྱི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་སིང་ཅི་ལཱ་ནེ་དང་གྲོས་ཁང་ཞོལ་མའི་གྲོས་དཔོན་ཨ་ཧྲི་ལཱ་ཧྥུའུ། སྲིད་ཏང་སོ་སོའི་མགོ་ཁྲིད་པ། དམག་ཕྱོགས་ཀྱི་མཐོ་རིམ་དཔོན་རིགས། ཕཱ་ཁི་སི་ཐན་དུ་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་སོགས་གྲོས་ཚོགས་ལྟེ་གནས་སུ་སྤེལ་བའི་དཔོན་ཕྱོགས་ཀྱི་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས།
ཨ་ཨར་ཝེ་ཡིས་རྒྱལ་དར་བསྒྲེངས་པའི་མཛད་སྒོའི་རྗེས་སུ་གཏམ་བཤད་སྤེལ་ཏེ། རྒྱལ་ཡོངས་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་དང་མཐུན་སྒྲིལ་གཅིག་གྱུར་སྒོས་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར། བདེ་འཇགས་བཅས་ཐད་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པ་དང་། བློ་གཅིག་སེམས་གཅིག་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་འབོད་སྐུལ་བཏང་།
བསྟུད་མར་ཉིན་འགའི་རིང་ལ། ཕཱ་ཁི་སི་ཐན་གྱི་ས་ཁུལ་སོ་སོས་སྣ་མང་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས་རང་བཙན་བྱས་ནས་ལོ་ངོ་དོན་དྲུག་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུས།
བསོད་ནམས་ཚེ་རིང་གིས་བསྒྱུར།