ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣུམ་སྣོན་ས་ཚིགས་ཤིག་ལ་མེ་སྐྱོན་བྱུང་སྟེ་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།
2023.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨུ་རུ་སིའི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་གནོད་འཚེ་སྨན་བཅོས་རྒུད་སྐྱོབ་ལྟེ་གནས་ཀྱིས་བསྒྲགས་པ་ལྟར་ན། ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟེ་གནས་གྲོང་ཁྱེར་མཱ་ཧཱ་ཆི་ཁཱ་ལཱའི་སྣུམ་སྣོན་ས་ཚིགས་ཤིག་ལ་མེ་སྐྱོན་འགས་གཏོར་བྱུང་སྟེ། མི་ཉེར་བདུན་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དེའི་སྔོན་ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ལས་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་དྲུག་ལ་རྨས་ཕོག་ཡོད་ཟེར།

བསྒྲགས་པ་ལྟར་ན། མཱ་ཧཱ་ཆི་ཁཱ་ལཱ་གྲོང་ཁྱེར་གྱི་རླངས་འཁོར་ཞབས་ཞུའི་ལྟེ་གནས་ཤིག་ཏུ་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་བ་དང་། མེ་རྒྱ་ཡན་དུ་མཆེད་པ་ལས་ཉེ་འདབས་ཀྱི་སྣུམ་སྣོན་ས་ཚིགས་ཤིག་ལ་འགས་གཏོར་བྱུང་ནས་མི་མང་བོར་ཤི་རྨས་ཐེབས་པ་རེད།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་བཅོ་ལྔ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ས་དེའི་དུས་ཚོད་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པའི་དུས་ཚོད་གཅིག་དང་སྐར་མ་ཉི་ཤུའི་སྟེང་མེ་བསད་པ་དང་། མེར་འབར་བའི་རྒྱ་ཁྱོན་སྨིད་ངོས་སྙོམས་གྲུ་བཞི་མ་དྲུག་བརྒྱ་ཙམ་ཡིན་ལ། མེ་སྐྱོན་དབང་གིས་བར་ཆད་ཐེབས་པའི་གཞུང་ལམ་འགྲིམ་འགྲུལ་དེ་བསྟུད་མར་སླར་གསོ་བྱུང་ཡོད་ཟེར།

ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། རྨས་མ་ཚང་མ་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། མིག་སྔར་ཁོ་ཚོའི་ཐོབ་ཐང་བརྡ་འཕྲིན་ལ་དཔྱད་ཞིབ་བྱེད་བཞིན་ཡོད་ཟེར།

ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གི་ཏཱ་ཅི་སི་ཐན་མྱུལ་ཞིབ་ཅུའུ་ཡིས་མེ་སྐྱོན་འགས་གཏོར་དོན་རྐྱེན་དེར་ཉེས་དོན་ཞུ་གཏུག་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།