ཨེ་ཀྭ་ཏོར་གྱི་ཆབ་སྲིད་མགོ་ཁྲིད་པ་ཞིག་ལ་ཡང་བསྐྱར་ལྐོག་གསོད་ཐེབས།
2023.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཨེ་ཀྭ་ཏོར་གྱི་སྤྱི་དམངས་གསར་བརྗེ་ཡི་ཙུང་ཐུང་འདེམ་སྒུག་མི་སྣ་ཀང་སཱ་ལོས་སི་ཡིས་ཚེས་བཅུ་བཞི་ཉིན་དྲ་ཚིགས་བརྒྱུད་དེ་བདེན་དཔང་བྱས་དོན། རྩ་འཛུགས་དེའི་ཆབ་སྲིད་མགོ་ཁྲིད་པ་པུའུ་ལི་ཨོ་ནེ་སི་ལ་ཚེས་བཅུ་བཞི་ཉིན་ཨེ་ཀྭ་ཏོར་བྱང་ཕྱོགས་ཀྱི་ཨེ་སི་མཱེ་ལཱ་ཏཱ་སི་ཞིང་ཆེན་གྱི་ཧྲིན་མཱ་ཐི་ཨོ་ནས་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་ཟེར།

དེ་ནི་ཨེ་ཀྭ་ཏོར་གྱི་ཙུང་ཐུང་འདེམ་སྒུག་པ་པུས་ལེ་ཡཱ་ཝེ་སུན་ཞི་ཨོ་ལ་ཚེས་དགུ་ཉིན་རྒྱལ་ས་ཅི་ཏའོ་བྱང་ངོས་ས་ཁུལ་ནས་མེ་མདའ་ཕོག་སྟེ་རྐྱེན་ལམ་དུ་ཤོར་རྗེས་ཡང་བསྐྱར་མེ་མདའ་བཀོལ་ནས་ལྐོག་གསོད་ཐེབས་པའི་ཨེ་ཀྭ་ཏོར་གྱི་ཆབ་སྲིད་མགོ་ཁྲིད་པ་ཞིག་རེད། ཉེན་རྟོག་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། སྐབས་ཐོག་དེར་ལག་དམར་གཉིས་འཕྲུལ་རྟར་ཞོན་ནས་པུའུ་ལི་ཨོ་ནེ་སི་ཡི་སྡོད་གནས་ཀྱི་ཉེ་འདབས་སུ་སོང་ནས་ཁོར་འཇབ་རྒོལ་བྱས་པ་རེད། དོན་རྐྱེན་བྱུང་རྗེས་པུའུ་ལི་ཨོ་ནེ་སི་སྨན་ཁང་དུ་བསྐྱལ་བ་དང་། སྨན་པས་ཁོའི་སྐེའི་གཡོན་ངོས་ནས་མདའ་ཤུལ་གཉིས་རྙེད་པར་མ་ཟད། ཁོའི་ཚེ་སྲོག་ཤོར་བ་བདེན་དཔང་བྱས།

ཨེ་ཀྭ་ཏོར་གྱིས་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན་སྔ་སྣུར་གྱིས་ཙུང་ཐུང་དང་རྒྱལ་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམ་བསྐོའི་བྱ་འགུལ་སྤེལ་ནས། ཙུང་ཐུང་དང་ཙུང་ཐུང་གཞོན་པ། དེ་མིན་གྲོས་ཁང་གི་གྲོས་མི་བརྒྱ་དང་སོ་བདུན་གདམ་རྒྱུ་ཡིན་པ་དང་། འགན་ཡུན་ནི་ཉིས་སྟོང་ཉེར་ལྔ་ལོའི་བར་རེད། འདེམ་བསྐོའི་བྱ་འགུལ་སྤེལ་ལ་ཉེ་བ་དང་བསྟུན་ནས་ཨེ་ཀྭ་ཏོར་རྒྱལ་ནང་དུ་དྲག་ཤུགས་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།