འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་འཐབ་འཁྲུག་ཕམ་ཉེས་ཉིན་མོར་ཅིན་གོ་ལྷ་ཁང་དུ་མཆོད་འབུལ་གྱི་གླ་ཡོན་ཕུལ།
2023.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ད་ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནི་འཇར་པན་ལ་འཐབ་འཁྲུག་ཁྲོད་ཕམ་ཉེས་བྱུང་བའི་ལོ་ངོ་དོན་བརྒྱད་འགོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞོང་གིས་ཉིན་དེར་ཚབ་མི་བརྒྱུད་དེ་རང་དབང་དམངས་གཙོ་ཏང་གི་ཙུང་ཚེ་ཡི་མིང་ཐོག་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་རིམ་པ་དང་པོའི་འཐབ་འཁྲུག་ཉེས་ཅན་མཆོད་འབུལ་བྱེད་སའི་ཅིན་གོ་ལྷ་ཁང་ལ་མཆོད་འབུལ་གྱི་གླ་ཡོན་ཕུལ།

ཉིན་དེར་འཇར་པན་གྱི་དཔལ་འབྱོར་བདེ་འཇགས་འགན་སྲུང་ཁག་ཁུར་བློན་ཆེན་ཀའོ་ཧྲི་ཙོ་མེའོ་ཡིས་ཅིན་གོ་ལྷ་ཁང་དུ་མཆོད་འབུལ་བྱས། དེ་ལས་གཞན་འཇར་པན་རང་དབང་དམངས་གཙོ་ཏང་གི་སྲིད་དོན་རྟོག་ཞིབ་ཚོགས་པའི་ཚོགས་གཙོ་ཁྱིག་ཧྲིང་ཐེན་ཀོང་དབྱེ་དང་། སྔོན་ཆད་ཀྱི་ཁོར་ཡུག་ལས་དོན་གྱི་བློན་ཆེན་ཞའོ་ཆོན་ཅིན་ཚི་ལིང་། སྔོན་ཆད་ཀྱི་འགོག་སྲུང་བློན་ཆེན་ཏའོ་ཐེན་ཕིན་མཱེ། དེ་མིན་ཚང་མས་མཉམ་དུ་ཅིན་གོ་ལྷ་ཁང་ལ་མཆོད་འབུལ་བྱེད་ཅེས་པའི་ཏང་ཁག་བརྒལ་བའི་རྒྱལ་ཚོགས་ཀྱི་གྲོས་མིའི་མནའ་འབྲེལ་གྱི་ཁོངས་མི་བདུན་ཅུ་ལྷག་གིས་ཀྱང་ཉིན་དེར་ཅིན་གོ་ལྷ་ཁང་ལ་མཆོད་འབུལ་བྱས།

ཅིན་གོ་ལྷ་ཁང་ནི་ཏུང་ཅིན་ཆན་ཏའེ་ཐེན་ས་ཁུལ་དུ་གནས་ཤིང་། ཏུང་ཐེའོ་དབྱིན་ཅི་དང་བཅས་པའི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རིམ་པ་དང་པོའི་འཐབ་འཁྲུག་ཉེས་ཅན་བཅུ་བཞི་མཆོད་འབུལ་བྱས་ཡོད། དུས་ཡུན་རིང་བོར་འཇར་པན་གྱི་ཆབ་སྲིད་མགོ་ཁྲིད་པ་སྐོར་ཞིག་གིས་ཅིན་གོ་ལྷ་ཁང་ལ་མཆོད་འབུལ་བྱེད་པ་རྒྱུན་འཁྱོངས་བྱས་པས། འཇར་པན་རྒྱལ་ནང་གི་ཞི་བདེ་ལ་དགའ་བའི་མི་སྣ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད་ལ། དེ་ལས་འཇར་པན་དང་ཀྲུང་གོ། ཧན་གོ་སོགས་ཨེ་ཤ་ཡཱ་གླིང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།