དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ནས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད།
2023.08.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཅེ་ལི་ཁི་གྲོང་ཁྱེར་ནས་ཕཱ་ལེ་སི་ཐན་གྱི་མི་གཉིས་བསད།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ཅེ་ལི་ཁི་གྲོང་ཁྱེར་ཉེ་འདབས་ཀྱི་ཡུལ་གྱར་བའི་སྒར་ས་ཞིག་ཏུ་སྔོག་བཤེར་འགུལ་སྐྱོད་སྤེལ་ནས། ཕཱ་ལེ་སི་ཐན་པའི་བར་འཁྲུག་རྩོད་བྱུང་བ་དང་། ཡུལ་དངོས་ནས་མེ་མདའི་སྒྲ་བར་མེད་དུ་གྲགས་བཞིན་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མིས་འཁྲུག་རྩོད་བྱེད་སྐབས་དབྱི་སི་རལ་གྱི་དམག་དཔུང་ལ་རྡོ་དང་འབར་རྫས་དམ་བུ་སོགས་ཀྱིས་བརྒྱབ་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མེ་མདའ་བཀོལ་ནས་རྒོལ་ལན་སྤྲད་པ་ཡིན་ལ། དབྱི་སི་རལ་གྱི་དམག་ཕྱོགས་ལ་མི་སྣར་ཤི་རྨས་བྱུང་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།