སྐབས་བཅུ་གཅིག་པའི་མའོ་སི་ཁོ་རྒྱལ་སྤྱིའི་བདེ་འཇགས་གྲོས་ཚོགས་ཚེས་བཅོ་ལྔ་ཉིན་ཨུ་རུ་སིའི་མའོ་སི་ཁོ་མངའ་སྡེའི་ཁུའུ་པེན་ཁཱ་གྲོང་ཁྱེར་ནས་བསྡུས་པ་དང་། གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་བརྗོད་སྙིང་ནི་སྣེ་མང་འཛམ་གླིང་ཁྲོད་ཀྱི་གོ་ལ་ཧྲིལ་བོའི་བདེ་འཇགས་མངོན་འགྱུར་བྱེད་པ་དེ་རེད། ཚོགས་འདུར་ཞུགས་མཁན་དག་གིས་སོ་སོར་ཨེ་ཤ་ཡཱ་དང་ཨ་ཧྥེ་རི་ཁ་གླིང་། དབུས་ཤར། ལཱ་ཏེན་མེ་གླིང་། ཡོ་རོབ་གླིང་སོགས་ས་ཁུལ་གྱི་བདེ་འཇགས་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་སོ་སོས་མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་བདེ་འཇགས་གནས་བབ་འོག་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། གོ་ལ་ཧྲིལ་བོ་དང་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་རིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། སྣེ་མང་འཛམ་གླིང་ཆགས་བཞིན་ཡོད་ཅིང་། རྒྱལ་ཁབ་མང་ཆེ་བས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ཁེ་ཕན། སྲོལ་རྒྱུན། རིག་གནས། འཚོ་སྡོད་བྱེད་ཐབས་བཅས་ལ་སྲུང་སྐྱོབ་བྱེད་འདོད་ཡོད་པ་དང་། དཔལ་འབྱོར་དང་ཆབ་སྲིད་ཀྱི་ལྟེ་གནས་གསར་བ་ཆགས་པར་ཤུགས་འདོན་བཞིན་ཡོད། དེ་ནི་འཛམ་གླིང་ཡོངས་ཀྱི་གཏན་འཇགས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཡིན་པ་དང་། འདྲ་མཉམ་དང་ཟོལ་མེད་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར། ལག་རྩལ། སྐྱེ་ཁམས་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་ཕན་བདེ་མཐོར་འདེགས་བྱེད་པའི་རྨང་གཞིའང་ཡིན་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། ས་ཁུལ་སོ་སོའི་བདེ་འཇགས་འགྲན་རྩོད་ལ་རང་རང་གི་ཐུན་མིན་རང་བཞིན་ལྡན་ཡང་། ངོ་བོའི་སྟེང་ནས་བཤད་ན་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ས་ཁུལ་ཆབ་སྲིད་ཀྱི་ཉེན་ཞིབ་དང་རང་ཕན་རིང་ལུགས། མི་སེར་སྤེལ་བའི་རིང་ལུགས་གསར་བའི་འགུལ་སྐྱོད་བཅས་བཟོས་པ་རེད། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་རྒྱུན་ཆད་མེད་པར་ཨུ་རུ་སིར་དཔུང་འཇུག་བྱེད་པའི་ནུས་པ་ཤུགས་སྣོན་བྱས་པར་མ་ཟད། དམག་དོན་འགལ་བ་དེ་བར་སྣང་དང་བརྡ་འཕྲིན་བར་སྟོང་ལ་སྤོ་བསྒྱུར་བྱེད་རྩིས་ཡོད། ཨ་མེ་རི་ཁས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་དག་གི་མཉམ་ལས་མ་ལག་བཅོས་བསྒྱུར་དང་ཚོད་འཛིན་བྱེད་རྩིས་ཡོད་ལ། ཨ་མེ་རི་ཁས་ལག་བསྟར་བྱས་པའི་རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཐབ་ཇུས་དེ་ལས་དོན་དངོས་སུ་ཝ་ཧྲིན་ཐོན་གྱིས་ཚོད་འཛིན་བྱེད་པའི་དམག་དོན་དང་ཆབ་སྲིད་མནའ་འབྲེལ་འཛུགས་རྩིས་བྱེད་པ་རེད་ཟེར།
ཕུའུ་ཅིན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ན་ད་གཟོད་གོ་ལ་ཧྲིལ་བོ་དང་ས་ཁུལ་རིམ་པའི་འགལ་བ་ཇེ་ཉུང་དུ་གཏོང་བ་དང་། འགྲན་རྩོད་དང་ཉེན་ཁ་ཞི་འཇགས་སུ་གཏོང་བ། རྒྱལ་ཁབ་བར་གྱི་ཡིད་ཆེས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཐད་རྒྱ་ཆེ་བའི་གོ་སྐབས་བསྐྲུན་ཐུབ། ཨུ་རུ་སི་ཡིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྩ་དོན་གཙོར་འཛིན་པ་རྒྱུན་འཁྱོར་བྱེད་ལ། རྒྱལ་ཁབ་ཀྱི་བདག་དབང་དང་འདྲ་མཉམ། གསར་གཏོད་རང་བཞིན་གྱི་མཉམ་ལས། ཡིད་ཆེས་རྨང་གཞིར་བྱས་པའི་སྣེ་མང་འཛམ་གླིང་གི་སྒྲིག་ལམ་བཅས་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱེ་ཀུའུ་ཡིས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། ནུབ་ཕྱོགས་རྒྱལ་ཁབ་གིས་སྣེ་གཅིག་འཛམ་གླིང་རྡུལ་དུ་བརླག་པ་དང་། དམག་དོན་སྟོབས་ཤུགས་ཆེ་བའི་འགྲན་ཡས་མངོན་སུམ་འཛེམ་མེད་དུ་ངོ་རྒོལ་བྱེད་པར་སེམས་ཁུར་བྱེད་བཞིན་ཡོད་པས་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོར་འཁྲུག་རྩོད་བྱ་འགུལ་སྤེལ་བཞིན་ཡོད། དམིགས་ཡུལ་ནི་འགྲན་ཡའི་ནུས་པ་ཇེ་ཞན་དུ་བཏང་ནས་ཐོན་ཁུངས་ཀྱི་ཚོད་འཛིན་སྲུང་འཛིན་བྱས་ཐོག་རང་ཉིད་ཀྱི་སྒྲིག་སྲོལ་ཁྱབ་གདལ་དུ་གཏོང་བའི་ཆེད་དུ་རེད་ཟེར།
མའོ་སི་ཁོའི་རྒྱལ་སྤྱིའི་བདེ་འཇགས་གྲོས་ཚོགས་ནི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། བདེ་འཇགས་གྲོས་ཚོགས་སྐབས་ཐོག་མ་དེ་ཉིས་སྟོང་བཅུ་གཉིས་ལོར་སྤེལ་བ་རེད།
ཨུ་རུ་སིའི་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་གྲོས་ཚོགས་ཀྱི་ཚོགས་ཡུན་ཉིན་གཅིག་ཡིན་པ་དང་། བསྡོམས་པས་རྒྱལ་ཁབ་བདུན་ཅུ་ལྷག་ནས་ཡོང་བའི་འཐུས་མི་བརྒྱད་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།