ལི་པུ་ཡཱའི་འཕྲོད་བསྟེན་པུའུ་ཡིས་ཚེས་བཅོ་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ས་ཏི་ལེ་པའོ་ལི་རུ་དྲག་ཆས་འཁྲུག་རྩོད་བྱུང་བ་ལས་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་དྲུག་ལ་རྨས་ཕོག་ཡོད་ཟེར།
ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་རྒྱལ་སྲུང་པུའུ་ལ་གཏོགས་པའི་དྲག་ཆས་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཉེ་སྔོན་ཙུང་ཐུང་ཨུ་ཡོན་ལྷན་ཁང་གི་དྲག་ཆས་དམག་དཔུང་གིས་བཀག་འཇུག་བྱས་པ་དང་། དྲག་ཆས་དམག་དཔུང་དེ་གཉིས་ཀྱིས་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཏི་ལེ་པའོ་ལི་ཡི་ཨེ་ཡུན་ཀྲ་ལཱ་ས་ཁུལ་དུ་འཁྲུག་རྩོད་བྱས་ནས་མི་སྣ་མང་བོར་ཤི་རྨས་བཟོས་པ་རེད་ཟེར།
ལི་པུ་ཡཱའི་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། ཁྱིམ་ཚང་ཉིས་བརྒྱ་ལྷག་འཁྲུག་རྩོད་བྱུང་ས་ནས་ཕྱིར་འཐེན་བྱས་ཡོད་པ་དང་། འཕྲོད་བསྟེན་པུའུ་ཡིས་སྨན་བཅོས་བྱེད་ས་གསུམ་བཀོད་སྒྲིག་བྱས་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།
ལི་པུ་ཡཱའི་ནང་སྲིད་པུའུ་ཡིས་ཚེས་བཅུ་དྲུག་ཉིན་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཕྱོགས་སོ་སོའི་མཐུན་སྦྱོར་འོག་ཏུ། ཕྱོགས་གཉིས་ཀྱི་འཁྲུག་རྩོད་དེ་ཚེས་བཅོ་ལྔ་ཉིན་མཚམས་བཞག་ཡོད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཏི་ལེ་པའོ་ལི་ནས་བྱུང་བའི་དྲག་ཆས་འཁྲུག་རྩོད་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཕྱོགས་སོ་སོས་ཉེ་བའི་ལོ་འགའི་རིང་ལ་ལི་པུ་ཡཱ་ཡིས་བླངས་པའི་བདེ་འཇགས་གྲུབ་འབྲས་ལ་སྲུང་སྐྱོབ་བྱས་ནས། གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།
བསོད་ནམས་ཚེ་རིང་གིས་བསྒྱུར།