ཏའོ་སྨི་ནི་ཁཱའི་ཧྲིན་ཁི་ལི་སི་ཐའོ་ཝ་ཨར་གྲོང་ཁྱེར་ནས་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་ཉེར་བདུན་རྐྱེན་ལམ་དུ་ཤོར།
2023.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཏའོ་སྨི་ནི་ཁཱའི་འཕྲལ་སྒྲུབ་འགུལ་སྐྱོད་ལྟེ་གནས་ཀྱི་འགན་ཁུར་བ་མིན་ཏི་སི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཏའོ་སྨི་ནི་ཁཱའི་རྒྱལ་ས་ཧྲིན་ཏའོ་མེན་ཀི་ནུབ་ངོས་ཀྱི་ཧྲིན་ཁི་ལི་སི་ཐའོ་ཝ་ཨར་གྲོང་ཁྱེར་དུ་ཚེས་བཅུ་བཞི་ཉིན་བྱུང་བའི་འགས་གཏོར་དོན་རྐྱེན་ལས་མི་ཉེར་བདུན་རྐྱེན་ལམ་དུ་ཤོར་ཟེར།

མིན་ཏི་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མིག་སྔར་རྒུད་སྐྱོབ་མི་སྣས་གར་སོང་མ་རྙེད་པའི་མི་སྣའི་བེམ་པོ་ཚང་མ་རྙེད་ཡོད་ཀྱང་། ངོས་འཛིན་བྱེད་པར་ད་རུང་དུས་ཚོད་ངེས་ཅན་དགོས། དེ་ལས་གཞན་རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་ཡིན་པས་སྨན་ཁང་དུ་གསོ་བཅོས་བྱས་ཀྱང་ཕན་ཐོགས་མེད་ཟེར། ཁོས་བཤད་རྒྱུར། ཐེངས་འདིའི་འགས་གཏོར་དོན་རྐྱེན་དེ་ལས་བསྡོམས་པས་ཚོང་ཁང་བཅུ་གསུམ་ལ་གནོད་པ་ཐེབས་ཡོད་ལ། དེའི་ནང་ཚོང་ཁང་བཞི་ལ་གཏོར་བཤིག་ཚབས་ཆེན་ཐེབས་ནས་ཤུལ་མེད་དུ་གྱུར་ཡོད་ཟེར།

ཏའོ་སྨི་ནི་ཁཱའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཟླ་འདིའི་ཚེས་བཅུ་བདུན་ཉིན་རྒྱལ་ཡོངས་ནས་མྱ་ངན་ཞུ་བའི་ཉིན་མོར་གཏན་འཁེལ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཡོངས་ཀྱི་དམག་དོན་སྒྲིག་ཆས་དང་སྤྱི་བའི་བཟོ་སྐྲུན་སོགས་ཀྱིས་དར་ཆ་ཕྱེད་ཙམ་མར་ཕབ་ནས་མྱ་ངན་ཞུ་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།