མཱ་ལེ་ཞི་ཡཱའི་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར།
2023.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

མཱ་ལེ་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཀྲང་ལུའུ་ཀྲའོ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། གནམ་གྲུ་ཆུང་བ་ཞིག་ཉིན་དེའི་ཕྱི་དྲོར་མཱ་ལེ་ཞི་ཡཱའི་ཞོས་ལན་ཨིག་མངའ་སྡེ་རུ་སར་ལྷུང་ནས་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར།

ལུའུ་ཀྲའོ་ཧྥུའུ་ཡིས་བཤད་རྒྱུར། འགྲུལ་བ་དྲུག་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གཉིས་བཅས་འདུས་པའི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གནམ་གྲུ་སར་ལྷུང་སྐབས་ས་ངོས་ནས་མི་གཉིས་རྐྱེན་ལམ་དུ་ཤོར་ཟེར།

མཱ་ལེ་ཞི་ཡཱའི་དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་བསྒྲགས་པ་ལྟར་ན། གནམ་གྲུ་དེ་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་ཡས་མས་སུ་ལན་ཁཱ་ཝེ་གནམ་གྲུ་ཐང་ནས་འཕུར་བ་དང་། འཕུར་སའི་གནས་ནི་སུའུ་ཏན་ཨ་པུའུ་ཏུའུ་ལེ་ཨ་ཆི་ཙི་ཧྲ་ཨ་གནམ་གྲུ་ཐང་རེད་ཟེར།

ཞོས་ལན་ཨིག་མངའ་སྡེའི་ཉེན་རྟོག་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། གནམ་གྲུ་དེ་སར་མ་བབས་གོང་གི་སྐར་མ་གཉིས་ཀྱི་སྔོན་ལ་ཁ་ལོ་བྱེད་ཐབས་བྲལ་བ་དང་། སར་ལྷུང་སྐབས་ས་ངོས་ནས་འཕྲུལ་རྟ་ཞིག་དང་རླངས་འཁོར་ཞིག་ལ་ཐོ་བརྒྱབ་པ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།