ལི་པུ་ཡཱའི་དྲག་ཆས་འཁྲུག་རྩོད་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ང་ལྔར་བསླེབས་ཡོད།
2023.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ལི་པུ་ཡཱའི་ནང་སྲིད་པུའུ་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པར་བར་འདུམ་བྱས་འོག ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ལི་པུ་ཡཱའི་རྒྱལ་ས་ཏི་ལེ་པའོ་ལི་ནས་བྱུང་བའི་དྲག་ཆས་འཁྲུག་རྩོད་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་ཚེས་བཅོ་ལྔ་ཉིན་འཁྲུག་རྩོད་མཚམས་བཞག་ཡོད་ཟེར།

ལི་པུ་ཡཱའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འཁྲུག་རྩོད་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ང་ལྔར་བསླེབས་ཡོད་ལ། གཞན་ཡང་མི་བརྒྱ་དང་བཞི་བཅུ་ལྷག་ལ་རྨས་ཕོག་ཡོད། ཐེངས་འདིའི་འཁྲུག་རྩོད་ནི་ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ལ་གཏོགས་པའི་དྲག་ཆས་ཕྱོགས་ཁག་གཉིས་བར་བྱུང་བ་རེད་ཟེར།

ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ཙུང་ལི་ཏི་པེད་པཱ་ཡིས་བསྟན་དོན། ལི་པུ་ཡཱ་ནས་ཡང་བསྐྱར་འཁྲུག་རྩོད་བྱུང་བ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། ཁོས་ལི་པུ་ཡཱའི་བདེ་འཇགས་ལས་ཁུངས་སོ་སོས་མཉམ་ལས་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།