སོ་ཏི་ཨ་རབ་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་བྱས་ན་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཕན་ཐོགས་ཡོད་པ་ནན་བཤད་བྱས།
2023.08.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གཉིས་སོ་ཏི་ཨ་རབ་ཀྱི་ལེ་ཡཱ་ཏི་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་གྱིས་ཚེས་བཅུ་བདུན་ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏུའུ་ལཱ་ཞེ་དབྱང་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་སླར་གསོ་དང་དེར་ཤུགས་སྣོན་བྱས་ན་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཕན་ཐོགས་པ་ནན་བཤད་བྱས། དེ་ནི་རྒྱལ་ཁབ་གཉིས་བར་ཉིས་སྟོང་བཅུ་དྲུག་ལོར་འབྲེལ་ཐག་ཆད་པའི་ཚུན་ལ་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཐོག་དང་པོར་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱས་པ་རེད།

ཧྥེ་སཱ་ཨར་གྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་མོལ་རྗེས་སུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་དེ་ས་ཁུལ་གྱི་བདེ་འཇགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་བར་ཤུགས་སྣོན་བྱས་ནས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་རེ་སྒུག་བྱས་ཡོད། སོ་ཏི་ཨ་རབ་ཀྱིས་སོ་ཏི་ཨ་རབ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་བདེ་འཇགས་དང་དཔལ་འབྱོར་མཉམ་ལས་ཀྱི་གྲོས་མཐུན་དངོས་འབེབས་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་དབྱི་ལིང་གིས་སོ་ཏི་ཨ་རབ་ཀྱིས་ཉིས་སྟོང་སུམ་ཅུ་ལོའི་འཛམ་གླིང་འགྲེམ་སྟོན་ཚོགས་འདུ་སྤེལ་བའི་རེ་ཞུར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཨ་པུའུ་ཏུའུ་ལཱ་ཞེ་དབྱང་གིས་བསྟན་དོན། དབྱི་ལིང་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་གྲུབ་འབྲས་ཆེན་པོ་བླངས་ཡོད་ཟེར། ཁོས་སོ་ཏི་ཨ་རབ་ཀྱིས་ས་ཁུལ་རང་ནས་ནུས་པ་འདོན་སྤེལ་བྱས་པར་གཟེངས་བསྟོད་བྱས་པ་དང་། དབྱི་ལིང་གིས་སོ་ཏི་ཨ་རབ་བར་མཉམ་ལས་བྱས་ཏེ། ས་ཁུལ་གྱི་ཐག་གཅོད་བྱས་མེད་པའི་གནད་དོན་མྱུར་མོར་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་བསྟན་དོན། དབྱི་ལིང་གི་ཙུང་ཐུང་ལའེ་ཞི་ཡིས་ཉེ་ལམ་སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་རྒྱུ་རེད་ཟེར།

ཉིས་སྟོང་བཅུ་དྲུག་ལོར་སོ་ཏི་ཨ་རབ་དང་དབྱི་ལིང་བར་གྱི་འབྲེལ་ཐག་ཆད་པ་དང་། ད་ལོའི་ཟླ་བཞི་བའི་ཚེས་དྲུག་ཉིན། སོ་ཏི་ཨ་རབ་དང་དབྱི་ལིང་གིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པར་མ་ཟད། ཟླ་དྲུག་པའི་ཚེས་དྲུག་ཉིན་སོ་ཏི་ཨ་རབ་ཏུ་སྡོད་པའི་དབྱི་ལིང་གི་གཞུང་ཚབ་ཁང་ཡང་བསྐྱར་སྒོ་འབྱེད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།