ལི་ཐའོ་ཝན་སྲིད་གཞུང་གིས་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་དོན། ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་དབང་གིས་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཨུ་རུ་སི་དཀར་པོའི་བར་གྱི་སྐམ་སའི་མཐའ་མཚམས་ཀྱི་རྒྱུ་ལམ་གཉིས་ཀྱི་ལམ་རྒྱ་སྡོམ་རྒྱུ་ཐག་བཅད།
ལི་ཐའོ་ཝན་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་སུ་རྒྱུ་ལམ་དྲུག་ཡོད་པ་དང་། ལམ་རྒྱ་སྡོམ་རྒྱུ་ཡིན་པའི་སུའུ་མུའུ་སི་ཁཱ་སི་དང་ཐི་ཝེ་ལེ་ཁྱིག་ཧྲི་གཉིས་ནི་ཞིང་སྡེ་ས་ཁུལ་དུ་གནས། ལི་ཐའོ་ཝན་གྱི་བཤད་ཚུལ་ལྟར་ན། རྒྱུ་ལམ་དེ་གཉིས་ཀྱི་ལམ་རྒྱ་བསྡམས་རྗེས། འབྲེལ་ཡོད་ཀྱི་མི་སྣ་དང་རླངས་འཁོར་དག་ཆེས་ཆེ་བའི་རྒྱུ་ལམ་མཱེ་ཏིས་ཉིང་ཁའེ་རུ་འགྲོ་བར་ལམ་སྟོན་བྱེད་རྒྱུ་རེད།
ལི་ཐའོ་ཝན་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་པུའུ་ཡི་པུའུ་ཀྲང་གཞོན་པ་ཝ་དབྱེ་ཁྱིག་ཁའེ་ཝེ་ཁྱིག་ཐི་ཡིས་བཤད་རྒྱུར། རྒྱུ་ལམ་དེ་གཉིས་གནས་སྐབས་ལམ་རྒྱ་བསྡམས་རྗེས། མཐའ་མཚམས་ཞིབ་བཤེར་མི་སྣ་དག་རྒྱུ་ལམ་གཞན་པར་རོགས་རམ་བྱེད་པར་མངག་ཆོག་ཟེར།
ལི་ཐའོ་ཝན་ནི་པའོ་ལོ་ཏིས་མཚོ་མོའི་ཤར་འགྲམ་དུ་གནས་ཤིང་། ཤར་ངོས་ནས་སྐམ་སའི་རྒྱལ་ཁབ་ཨུ་རུ་སི་དཀར་པོར་འབྲེལ་ཡོད། རྒྱལ་ཁབ་དེ་གཉིས་ནི་སྔོན་ཆད་སུའུ་ལེན་གྱི་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཡིན་པ་རེད། ལི་ཐའོ་ཝན་ཉིས་སྟོང་བཞི་ལོར་སྔ་གཞུག་ཏུ་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་དང་། ཨུ་རུ་སི་དཀར་པོ་ནི་སྒེར་ཚུགས་མཉམ་འབྲེལ་ཚོགས་པའི་ཁོངས་གཏོགས་རྒྱལ་ཁབ་ཡིན་པས་ཨུ་རུ་སིའི་བར་མནའ་མཐུན་གྱི་འབྲེལ་བ་ཟབ་མོ་སྲུང་འཛིན་བྱས་ཡོད། ཨུ་རུ་སི་དང་ཨུ་རུ་སི་དཀར་པོའི་མནའ་འབྲེལ་གྱིས་ནམ་རྒྱུན་བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་ལས་ས་ཁུལ་གྱི་གནས་བབ་ཛ་དྲག་ཏུ་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ཐད་འཇིགས་ཉེན་ཐེབས་ཡོད་པར་སྐྱོན་འཛུགས་བྱེད་བཞིན་ཡོད།
ཨུ་རུ་སི་ཡིས་ན་ནིང་ཟླ་གཉིས་པར་ཝུའུ་ཁི་ལན་ལ་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་ཚུན་ལ། ཝུའུ་ཁི་ལན་ལ་རྒྱབ་སྐྱོར་བྱེད་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་དང་ཨུ་རུ་སི་དཀར་པོའི་བར་གྱི་འབྲེལ་བ་རིམ་བཞིན་ཛ་དྲག་ཏུ་གྱུར་བ་དང་། ལང་ལོང་སྒོས་ཨུ་རུ་སི་དཀར་པོར་དམིགས་ནས་མཐའ་མཚམས་ཀྱི་དོགས་ཟོན་བྱེད་ཐབས་ལ་ཤུགས་སྣོན་བྱས་ལ། དེའི་ནང་མཐའ་སྲུང་དམག་ཤུགས་ཁ་སྣོན་བྱེད་པ་སོགས་འདུས། ལི་ཐའོ་ཝན་ལྷོ་ཕྱོགས་ཀྱི་ཕོ་ལན་རྒྱལ་ཁབ་ཀྱིས་ད་ལོར་ཨུ་རུ་སི་དཀར་པོའི་བར་གྱི་མཐའ་མཚམས་རྒྱུ་ལམ་མང་ཆེ་བ་བཀག་སྡོམ་བྱས་ནས་རྒྱུ་ལམ་གཅིག་མ་གཏོགས་སྒོ་འབྱེད་བྱས་མེད། གཟའ་འཁོར་སྔོན་མར་ཕོ་ལན་དང་ཨུ་རུ་སི་དཀར་པོའི་མཐའ་མཚམས་སུ་ཡང་བསྐྱར་དམག་མི་ཁྲི་གཅིག་མངག་ནས་ད་ཡོད་ཀྱི་མཐའ་སྲུང་སྟོབས་ཤུགས་ལ་རོགས་སྐྱོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ལི་ཐའོ་ཝན་བྱང་ངོས་ཀྱི་ལཱ་ཐའོ་ཝེ་ཡཱ་ཡིས་ཀྱང་ཚེས་བཅོ་ལྔ་ཉིན་ཨུ་རུ་སི་དཀར་པོའི་བར་གྱི་མཐའ་མཚམས་སུ་མཐའ་སྲུང་མི་སྣ་ཁ་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། རྒྱུ་མཚན་ནི་ཉེ་སྔོན་ཁྲིམས་འགལ་གྱིས་རྒྱལ་ཁོངས་བརྒལ་བའི་བྱ་སྤྱོད་མང་དུ་འབྱུང་བཞིན་ཡོད་པས་རེད། ལཱ་ཐའོ་ཝེ་ཡཱ་རྒྱལ་ཁབ་མཐའ་སྲུང་ཅུའུ་ཡི་ཁྲིམས་བསྟར་མི་སྣའི་ལོ་གནང་མེད་པར་བཏང་བར་མ་ཟད། རྒྱལ་ཁབ་དྲག་ཆས་དམག་དཔུང་དང་རྒྱལ་ཁབ་ཉེན་རྟོག་པར་རོགས་སྐྱོར་བྱེད་པའི་རེ་ཞུ་བྱས་ཡོད།
ལི་ཐའོ་ཝན་རྒྱལ་ཁབ་མཐའ་སྲུང་ཅུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དཀར་པོའི་མངའ་ཁོངས་སུ་ད་ལྟ་ཨུ་རུ་སིའི་སྒེར་གྱི་དམག་དོན་འགན་ལེན་ཚོང་བ་ཝ་ཀི་ནཱ་སྡེ་ཚོགས་ཀྱི་ཁོངས་མི་སྟོང་བཞི་དང་ལྔ་བརྒྱ་ལྷག་ཡོད་པ་དང་། མི་སྣ་སྐོར་ཞིག་གི་བཅའ་སྡོད་བྱེད་ས་དེ་ལི་ཐའོ་ཝན་དང་ཕོ་ལན་གྱི་མཐའ་མཚམས་ཀྱི་ཉེ་སར་ཡོད་པ་རེད་ཟེར།
ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་བཤད་རྒྱུར། ཝ་ཀི་ནཱའི་ཁོངས་མི་དག་གིས་ཨུ་རུ་སི་དཀར་པོའི་དམིགས་བསལ་དམག་དཔུང་ལ་སྦྱོང་བརྡར་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་དམག་དོན་སྦྱོང་བརྡར་སྤེལ་ཡོད་ཟེར། ཨུ་རུ་སི་དཀར་པོ་ཕྱོགས་ཀྱིས་ཕོ་ལན་གྱིས་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་དུ་དམག་མི་ཁ་སྣོན་བྱེད་པ་སོགས་ཀྱི་བྱ་སྤྱོད་ལས་དཀྲུག་འཕེན་དང་འཇིགས་ཉེན་བཟོ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།