ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་བཞི་ཙམ་ལ་བསླེབས་ཡོད།
2023.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཁཱ་ནཱ་ཏཱའི་མེ་གསོད་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་བརྒྱད་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་བར། ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གསུམ་སྟོང་དགུ་ལ་བསླེབས་ཡོད། དེའི་ནང་ཁཱ་ནཱ་ཏཱའི་ནུབ་བྱང་ས་ཁུལ་གྱི་གནོད་འཚེ་ཚབས་ཆེན་ཡིན་པ་དང་། ས་དེའི་སྲིད་གཞུང་གིས་ས་ཁུལ་དེའི་ལྟེ་གནས་གྲོང་ཁྱེར་ཡེ་ལོ་ནཱ་ཧྥུའུ་ཡི་སྡོད་དམངས་དག་ཚེས་བཅོ་བརྒྱད་ཉིན་གྱི་ཉིན་གུང་གི་སྔོན་ལ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་བཏང་། པུའུ་ལེ་ཏེན་ཁོ་ལོམ་པུ་ཡཱ་ཞིང་ཆེན་གྱི་ཨོ་ཁཱ་ནོའུ་ཀིན་གྲོག་རོང་ཉེ་འདབས་སུ། ནགས་ཚལ་མེ་སྐྱོན་གྱི་འབར་ཚད་དུས་ཚོད་རེར་ལྡབ་བཞི་ཡིས་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཉེ་འདབས་ཀྱི་སྡོད་ཁང་སྟོང་ཕྲག་འགའི་སྡོད་དམངས་ཕྱིར་འཐེན་བྱེད་པའི་དོགས་ཟོན་ཉེན་བརྡར་གནས་ཡོད།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཁཱ་ནཱ་ཏཱའི་ནགས་ཚལ་མེ་སྐྱོན་ལས་བྱུང་བའི་དུད་ནག་ལྷོ་རུ་ཡོང་ནས་ཡང་བསྐྱར་ཨ་མེ་རི་ཁར་གནོད་སྐྱོན་བཟོས་ཡོད། མེན་ནེ་སུའུ་ཏཱ་མངའ་སྡེ་རུ། ཁོར་ཡུག་སྡེ་ཁག་གིས་ཚེས་བཅུ་བདུན་དང་ཚེས་བཅོ་བརྒྱད་ཉིན་གཉིས་ལ་དམིགས་ནས་མཁའ་དབུགས་སྤུས་ཚད་ཀྱི་ཉེན་བརྡ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།