པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གིས་བྱ་འགུལ་སྤེལ་ནས་ཀྲུང་གོའི་གནས་སྤོར་སྡོད་དམངས་ཀྱི་ཉིན་མོར་རྗེས་དྲན་བྱས།
2023.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གིས་ཚེས་བཅུ་བདུན་ཉིན་རྒྱལ་ས་པཱ་ཞི་ལེ་ཡཱ་རུ་ཡོད་པའི་རྒྱལ་ཚོགས་ཐོག་ཁང་ཆེན་མོ་ནས་བྱ་འགུལ་སྤེལ་ཏེ། ཀྲུང་གོའི་གནས་སྤོར་སྡོད་དམངས་ཀྱི་ཉིན་མོར་རྗེས་དྲན་བྱས། པཱ་ཞིའི་རྒྱལ་ཚོགས་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོ། ཀྲུང་གོ་བའི་སྡེ་ཁུལ། པཱ་ཞི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འཐུས་མི་བཅས་བྱ་འགུལ་ལ་ཞུགས།

ཡིག་ཐོག་གི་ཞུ་ཚིག་འབུལ་སྐབས། པཱ་ཞིའི་དམངས་གྲོས་ཁང་གི་གྲོས་དཔོན་ལེ་ལཱ་ཡིས་ཀྲུང་གོ་ནས་ཡོང་བའི་གནས་སྤོར་སྡོད་དམངས་དག་གིས་པཱ་ཞིའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་པར་ཁས་ལེན་གང་ལེགས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འགྲོ་འོང་དང་པཱ་ཞི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གདེང་འཇོག་ཆེན་པོ་བྱས།

པཱ་ཞི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་ཅིན་ཧོང་ཅུན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཐེངས་འདིར་པཱ་ཞི་རྒྱལ་ཕྲན་མཉམ་འབྲེལ་དམངས་གྲོས་ཁང་གིས་སྤེལ་བའི་བྱ་འགུལ་དེ་པཱ་ཞིའི་ཀྲུང་གོ་བའི་སྡེ་ཁུལ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། ཁོས་པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ད་ལོའི་ཟླ་བཞི་བར་བདེ་བླག་ངང་ཀྲུང་གོར་འཚམས་འདྲི་བྱས་པར་ཕྱིར་དྲན་བྱས་པར་མ་ཟད། ཕྱོགས་གཉིས་ཀྱིས་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཁྱབ་ཁོངས་མང་བོ་ནས་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་བཞིན་ཡོད་ལ། དེ་ལས་ཀྲུང་གོ་དང་པཱ་ཞིའི་འབྲེལ་བའི་རྣམ་པ་གསར་བ་གསར་འབྱེད་བྱེད་ཐུབ་པའི་ཚུལ་བསྟན།

པཱ་ཞིའི་ཕྱི་འབྲེལ་པུའུ་ཡི་འཐུས་མི་ཐི་ལཱ་ཡིས་བསྟན་དོན། པཱ་ཞི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་སང་ལོར་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བ་དང་པཱ་ཞི་དང་ཀྲུང་གོའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་ངོ་ཉི་ཤུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་རྒྱུ་ཡིན་པ་དང་། ཁོས་བལྟས་ན་ཐུན་མོང་ལྟ་ཚུལ་གྱིས་པཱ་ཞི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ལ་སྐུལ་འདེད་བཏང་ཡོད་པར་འདོད།

གཅིག་སྟོང་དགུ་བརྒྱ་ལོའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་ནི་པཱ་ཞིའི་དཔོན་ཕྱོགས་ཀྱིས་རྒྱུ་ཆ་རྙེད་ཐུབ་པའི་ཀྲུང་གོ་བ་ཆེས་ཐོག་མར་པཱ་ཞི་རུ་འབྱོར་བའོ་ཉིན་མོ་ཡིན་པ་དང་། ཉིས་སྟོང་བཅོ་བརྒྱད་ལོར་པཱ་ཞིའི་སྲིད་གཞུང་གིས་ལོ་རེའི་ཟླ་བརྒྱད་པའི་ཚེས་བཅོ་ལྔ་ཉིན་དེ་ཀྲུང་གོའི་གནས་སྤོར་སྡོད་དམངས་ཀྱི་ཉིན་མོར་གཏན་འཁེལ་བྱས་པ་རེད། མིག་སྔར་ཀྲུང་གོ་བ་འབུམ་གསུམ་ལྷག་པཱ་ཞི་རུ་འཚོ་སྡོད་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།