མོང་གོལ་རྒྱལ་ཁབ་ཀྱིས་ཕྱུགས་ལས་མི་རིགས་ཀྱི་འཛམ་གླིང་རིག་གནས་དུས་ཆེན་བྱ་འགུལ་སྤེལ།
2023.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

མོང་གོལ་རྒྱལ་ཁབ་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ཕྱུགས་ལས་མི་རིགས་ཀྱི་འཛམ་གླིང་རིག་གནས་དུས་ཆེན་དེ་ཚེས་བཅོ་བརྒྱད་ཉིན་རྒྱལ་ས་ཝུ་ལན་པཱ་ཐའོ་ཤར་ངོས་ཀྱི་སྤྱི་ལེ་བཞི་བཅུ་ལྷག་གི་མཚམས་སུ་ཡོད་པའི་ཐེ་ཅི་ལུང་བ་ནས་སྤེལ་མགོ་བརྩམས། རིག་གནས་དུས་ཆེན་དེའི་དམིགས་ཡུལ་ནི་ཕྱུགས་ལས་རིག་གནས་ཀྱི་ཐུན་མིན་འགུག་ཤུགས་མངོན་པའི་ཆེད་དུ་རེད།

ཐེངས་འདིའི་ཕྱུགས་ལས་མི་རིགས་ཀྱི་འཛམ་གླིང་རིག་གནས་དུས་ཆེན་བྱ་འགུལ་དེ་ཚེས་ཉི་ཤུའི་ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དེའི་སྐབས་སུ་རིག་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་གྱོན་ཆས་འཁྲབ་སྟོན། ལག་ཤེས་ཐོན་རྫས་ཀྱི་འགྲེམ་སྟོན། རྟ་རྒྱུག མདའ་འཕེན། འཇུ་རེས་སོགས་རིགས་སྣ་སུམ་ཅུ་ལྷག་གི་བྱ་འགུལ་རྣམ་གྲངས་བདུན་བརྒྱ་ལྷག་སྤེལ་རྒྱུ་རེད།

མོང་གོལ་རྒྱལ་ཁབ་ཀྱི་ཞིང་ཆེན་ཉེར་གཅིག་དང་ཝུ་ལན་པཱ་ཐའོ་གྲོང་ཁྱེར་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་མཁན་སྟོང་ཕྲག་ལྷག ཀྲུང་གོ། ཨུ་རུ་སི། ཧང་ག་རི། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཐུར་ཁེ་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་མཁན། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་རྒྱལ་སྤྱིའི་རྩ་འཛུགས་གཞན་པའི་འཐུས་མི་བཅས་རིག་གནས་དུས་ཆེན་གྱི་བྱ་འགུལ་ལ་ཞུགས་རྒྱུ་རེད།

མོང་གོལ་རྒྱལ་ཁབ་སྲིད་གཞུང་གིས་ཉིས་སྟོང་ཉེར་གསུམ་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་བར་ནི་མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་བྱེད་པའི་ལོར་གཏན་འཁེལ་བྱེད་རྒྱུ་མ་ཟད། ཉིས་སྟོང་ཉེར་གསུམ་ལོར་ཕྱི་རྒྱལ་གྱི་འགྲུལ་བ་ས་ཡ་གཅིག་ལྷག་སྣེ་ལེན་བྱེད་པའི་དམིགས་འབེན་བཏོན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།