ཧན་གོའི་དམངས་ཁྲོད་ཚོགས་ཁག་ལོ་ངོ་བདུན་ཅུར་འཐབ་འཁྲུག་མཚམས་བཞག་པའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་འགུལ་སྐྱོད་ཅེས་པས་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར་གྲོང་ཁྱེར་ཧྲིག་ཨར་གྱི་ལྟེ་གནས་སུ་འདུ་ཚོགས་བསྡུས་ཏེ། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་གཞི་རྒྱ་ཆེ་བའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཏེ་ཡེ་ཀྲི་རང་དབང་གི་ཕུབ་ཅེས་པར་ངོ་རྒོལ་བྱས་པ་དང་། ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱིས་དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ངོ་རྒོལ་བྱས།
ཉིན་དེར་འདུ་ཚོགས་ལ་ཞུགས་པའི་གྲོང་ཁྱེར་སྡོད་དམངས་ཀྱིས་ཞག་སྒྲོན་བཀར་བ་དང་། ཁྲའོ་ཞན་ཕྱེད་གླིང་དུ་ཡང་བསྐྱར་འཐབ་འཁྲུག་འབྱུང་མི་རུང་ཞེས་པ་དང་ཧན་གོ་དང་ཨ་མེ་རི་ཁ། འཇར་པན་བཅས་ཀྱི་དམག་དོན་མནའ་མཐུན་ལ་ངོ་རྒོལ་བྱེད་སོགས་ཀྱི་འཕྲེད་བྱང་མཐོན་རུ་བཏེགས་ཏེ། ཧན་གོ་དང་ཨ་མེ་རི་ཁའི་འཐབ་འཁྲུག་གི་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པའི་ཁ་གཡང་མཐོན་པོར་བསྒྲགས།
ལོ་ངོ་བདུན་ཅུར་འཐབ་འཁྲུག་མཚམས་བཞག་པའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་འགུལ་སྐྱོད་ཀྱིས་བྱ་འགུལ་སྤེལ་སའི་ཡུལ་དངོས་ནས་གསལ་སྒྲོག་སྤེལ་ཏེ། ཚོད་དཔག་བྱས་ན་ཟླ་འདིའི་ཚེས་ཉེར་གཅིག་ཉིན་མགོ་རྩོམ་རྒྱུ་ཡིན་པའི་ཧན་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་གྱི་གཞི་རྒྱ་སྔོན་ཆད་ལས་ཆེ་བ་དང་། ཨ་མེ་རི་ཁའི་འཐབ་ཇུས་རྒྱུ་ནོར་ཀྱང་ཁྲའོ་ཞན་ཕྱེད་གླིང་དུ་བཀོད་སྒྲིག་བྱེད་སྲིད་ལ། ཕྱེད་གླིང་དུ་འཐབ་འཁྲུག་གི་ཉེན་ཁ་ཡོད་པའི་གནས་ཚུལ་འོག གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་ལས་དམག་དོན་གྱི་ཛ་དྲག་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་བཏང་ཡོད་ཟེར།
བྱ་འགུལ་རྩ་འཛུགས་བྱེད་མཁན་གྱིས་མཚམས་སྦྱོར་བྱས་དོན། ལོ་ངོ་བདུན་ཅུར་འཐབ་འཁྲུག་མཚམས་བཞག་པའི་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་འགུལ་སྐྱོད་ཅེས་པ་དེ་ཧན་གོའི་དམངས་ཁྲོད་ཀྱི་ཚོགས་ཁག་དང་མི་སྒེར་བརྒྱ་ཕྲག་འགའ་ཡིས་གྲུབ་པ་ཡིན་ཞིང་། ཉིན་དེར་འདུ་ཚོགས་ལ་ཞུགས་པའི་ཞི་བདེ་གཅིག་གྱུར་གྱི་གྲོང་ཁྱེར་སྡོད་དམངས་འགུལ་སྐྱོད་ཀྱི་འཐུས་མི་ཧོང་ནན་ཧྲོན་གྱིས་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁའི་དམག་དོན་སྦྱོང་བརྡར་དེ་སྤྱིར་བཏང་གི་དམག་དོན་སྦྱོང་བརྡར་ལས་བརྒལ་ནས། སྔར་ལས་ལྷག་པའི་སྒོ་ནས་ཕྱེད་གླིང་གི་འཐབ་འཁྲུག་ཉེན་ཁ་ཇེ་ཆེར་གཏོང་བའི་དམག་དོན་སྦྱོང་བརྡར་དུ་གྱུར་ཡོད་ལ། སེམས་ཆུང་རྣམ་ཆུང་མ་བྱས་ན་འཐབ་འཁྲུག་འབྱུང་ཉེན་ཡོད་ཟེར།
ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཉེ་སྔོན་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གིས་ཟླ་འདིའི་ཚེས་ཉེར་གཅིག་ཉིན་ནས་ཚེས་སོ་གཅིག་ཉིན་བར་ཚབ་མིང་ལ་ཡེ་ཀྲི་རང་དབང་གི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་སྤེལ་སྐབས་མཉམ་འབྲེལ་གྱི་གཡུལ་སའི་བབ་བསྟུན་སྦྱོང་བརྡར་རྣམ་གྲངས་སུམ་ཅུ་ལྷག་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།