པུའུ་ཅི་ནཱ་ཧྥ་སོ་དང་མཱ་ལེ་ཡིས་ནེ་ཀྲིར་རྒྱལ་ཁབ་ཏུ་དམག་དཔུང་གི་གནམ་གྲུ་བཀོད་སྒྲིག་བྱས་ཏེ་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་ལ་སྤྱོད་སྲིད་པའི་དམག་དོན་ཐེ་གཏོགས་ལ་ཁ་གཏད་འཇལ།
2023.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

པུའུ་ཅི་ནཱ་ཧྥ་སོ་དང་མཱ་ལེ་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་ནེ་ཀྲིར་རྒྱལ་ཁབ་ཏུ་དམག་སྤྱོད་གནམ་གྲུ་བཀོད་སྒྲིག་བྱས་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་ནེ་ཀྲིར་ལ་སྤྱོད་སྲིད་པའི་དམག་དོན་ཐེ་གཏོགས་ལ་མཉམ་དུ་ཁ་གཏད་འཇལ།

ནེ་ཀྲིར་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་རྒྱུར། པུའུ་ཅི་ནཱ་ཧྥ་སོ་དང་མཱ་ལེ་རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་ནེ་ཀྲིར་རྒྱལ་ཁབ་ལ་འཐབ་འཛིང་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་སོགས་བཀོད་སྒྲིག་བྱས་ཏེ། ནེ་ཀྲིར་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་ཡོད་ཚད་ལ་ཁ་གཏད་འཇལ་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། པུའུ་ཅི་ནཱ་ཧྥ་སོ་དང་མཱ་ལེ། ནེ་ཀྲིར་བཅས་ཀྱི་དམག་ཕྱོགས་ཀྱི་མགོ་ཁྲིད་པས་ནེ་ཀྲིར་གྱི་རྒྱལ་ས་ཉི་ཡ་མཱེ་ནས་ཐུག་འཕྲད་བྱས་ཏེ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པས་དམག་དོན་ཐེ་གཏོགས་བྱེད་སྲིད་པར་ཇི་ལྟར་ཁ་གཏད་འཇལ་བའི་སྐོར་ནས་གྲོས་མོལ་བྱས་ཡོད་ཟེར།

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་རྒྱལ་སྲུང་ཇུས་འདོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་ཀཱ་ནའི་རྒྱལ་ས་ཨ་ཁི་ལཱ་ནས་གྲོལ། ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་ཆབ་སྲིད་ལས་དོན་དང་ཞི་བདེ་དང་བདེ་འཇགས་ཀྱི་ཆེད་མི་མུའུ་སཱ་ཡིས་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་རྒྱུན་ཉར་དམག་དཔུང་གིས་ནེ་ཀྲིར་ལ་འགྲོ་བར་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད་ཅེས་བཤད། ཁོས་དེ་དང་མཉམ་དུ་བཤད་རྒྱུར། ཐག་གཅོད་ཇུས་གཞི་ཚང་མར་གྲོས་སྡུར་བྱེད་བཞིན་པའི་སྒང་ཡིན་ལ། གལ་ཏེ་ནེ་ཀྲིར་གྱི་དམག་དཔུང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སྒྲིག་ཁྲིམས་སླར་གསོ་བྱེད་པའིི་ཐད་ནས་ང་ཚོ་དང་ལྟ་བ་གཅིག་མཐུན་བྱུང་ཚེ། ང་ཚོས་དམག་དོན་ཇུས་གཞི་འདོར་ཆོག་ཟེར།

ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན། ནེ་ཀྲིར་གྱི་ཙུང་ཐུང་སྲུང་དམག་རུ་ཁག་གི་དམག་མི་ཁ་ཤས་ཀྱིས་ཙུང་ཐུང་པཱ་ཙུའུ་མུའུ་གཏའ་མར་བཟུང་། ཉིན་དེའི་ནམ་གུང་སྲིད་འགྱུར་དམག་མིའི་འཐུས་ཚབ་ཀྱིས་ནེ་ཀྲིར་རྒྱལ་ཁབ་བརྙན་འཕྲིན་ཁང་བརྒྱུད་དེ་མེས་རྒྱལ་སྲུང་སྐྱོབ་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། པཱ་ཙུའུ་མུའུ་ཡི་ཙུང་ཐུང་གི་འགན་བླངས་པ། དམག་མིའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་དོན་དག་ལ་དོ་དམ་བྱས་པ་བཅས་ཁྱབ་བསྒྲགས་བྱས།