མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའེ་ཕུའུ་ལུའུ་སི་རུ་སྡོད་པའི་བདེ་སྲུང་དམག་དཔུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་མི་སྣར་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་།
2023.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 24

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའེ་ཕུའུ་ལུའུ་སི་རུ་སྡོད་པའི་བདེ་སྲུང་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་གསལ་བསྒྲགས་སྤེལ་ནས། ཉིན་དེར་སའེ་ཕུའུ་ལུའུ་སིའི་ཐུར་ཁེ་རིགས་ཀྱི་མི་སྣས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་མི་སྣར་འཇབ་རྒོལ་བྱས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རླངས་འཁོར་ལ་གཏོར་བརླགས་བཏང་བར་རྒོལ་གཏམ་བཏང་།

གསལ་བསྒྲགས་ནང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་མི་སྣའི་བདེ་འཇགས་ལ་གནོད་སྐྱེལ་བ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུད་བཟོ་བའི་བྱ་སྤྱོད་ཡོད་ཚད་དང་ལེན་བྱེད་ཐབས་མེད་པ་དང་། དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཡིན་པས། ཕྱོགས་ཡོངས་ལ་གཏུག་བཤེར་བྱ་ངེས་ཡིན་ཟེར།

གསལ་བསྒྲགས་ནང་དུ་སའེ་ཕུའུ་ལུའུ་སིའི་ཐུར་ཁེ་རིགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའེ་ཕུའུ་ལུའུ་སི་རུ་སྡོད་པའི་བདེ་སྲུང་དམག་དཔུང་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་མཚམས་འཇོག་ས་ནས་ཐོབ་པའི་ཆོག་མཆན་དབང་ཆར་བརྩི་བཀུར་བྱེད་དགོས་པ་དང་། དོན་རྐྱེན་ཚབས་ཇེ་ཆེར་གཏོང་བའི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་དགོས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་མཚམས་འཇོག་ས་ནས་མི་སྣ་དང་འཕྲུལ་ཆས་མྱུར་དུ་ཕྱིར་འཐེན་བྱ་དགོས་པའི་རེ་བ་བཏོན་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའེ་ཕུའུ་ལུའུ་སི་རུ་སྡོད་པའི་བདེ་སྲུང་དམག་དཔུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་ནི་སའེ་ཕུའུ་ལུའུ་སིའི་ཤར་ལྷོའི་མཚོ་འགྲམ་གྱི་ཐུར་ཁེ་རིགས་དང་ཞི་ལཱ་རིགས་མཉམ་དུ་འདུག་སའི་ཕེ་ལཱ་སྡེ་བའི་ཉེ་འདབས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་མཚམས་འཇོག་ས་རུ་བྱུང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་སྲུང་མི་སྣས་སྐབས་དེར་ལས་འགན་སྒྲུབ་བཞིན་པའི་སྒང་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའེ་ཕུའུ་ལུའུ་སི་རུ་སྡོད་པའི་བདེ་སྲུང་དམག་དཔུང་གིས་འཇབ་རྒོལ་དོན་རྐྱེན་གྱི་གནས་ཚུལ་ཞིབ་ཕྲ་བསྒྲགས་མེད། ས་དེའི་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། བདེ་སྲུང་མི་སྣ་བཅུ་གཉིས་བཙན་གྱིས་དམག་སྒར་ནས་ཕྱིར་འབུད་བཏང་བ་དང་། བདེ་སྲུང་མི་སྣ་གསུམ་ལ་རྨས་ཡང་མོ་ཕོག་ཡོད་པས། སྨན་བཅོས་བྱེད་བཞིན་ཡོད་ཟེར།

དེའི་སྔོན་ལ། སའེ་ཕུའུ་ལུའུ་སིའི་ཐུར་ཁེ་རིགས་ཀྱིས་ཕེ་ལཱ་སྡེ་བ་དང་ཐུར་ཁེ་རིགས་ཀྱིས་ཚོད་འཛིན་བྱས་པའི་སྡེ་བ་གཞན་པ་ཞིག་གི་བར་དུ་རིང་ཚད་ལ་སྤྱི་ལེ་བཅུ་གཅིག་ཅན་གྱི་གཞུང་ལམ་ཞིག་ལས་རྒྱུའི་འཆར་གཞི་བསྒྲགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སའེ་ཕུའུ་ལུའུ་སི་རུ་སྡོད་པའི་བདེ་སྲུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གསལ་བསྒྲགས་སྤེལ་ནས། འཁྲུག་རྩོད་མཚམས་འཇོག་ས་ནས་ཆོག་མཆན་མ་ཐོབ་པར་ལས་ཀ་ཅི་ཡང་ལས་མི་ཆོག་ཅེས་ཉེན་བརྡ་བཏང་བ་རེད།

གཅིག་སྟོང་དགུ་བརྒྱ་དོན་བཞི་ལོའི་ཟླ་བདུན་པར། སའེ་ཕུའུ་ལུའུ་སིའི་རྒྱལ་དམངས་སྐུ་སྲུང་རུ་ཁག་ཁྲོད་ཀྱི་ཞི་ལའི་དམག་དཔོན་གྱིས་དམག་དོན་སྲིད་འགྱུར་བསླངས་ནས། སའེ་ཕུའུ་ལུའུ་སི་དང་ཞི་ལའི་མཉམ་འབྲེལ་ལས་འགུལ་སྤེལ་རྩིས་བྱས། ཐུར་ཁེ་རྒྱལ་ཁབ་ཀྱིས་ས་དེའི་ཐུར་ཁེ་རིགས་ཀྱིས་སྡོད་དམངས་ལ་སྲུང་སྐྱོབ་བྱ་རྒྱུ་རྒྱུ་མཚན་བྱས་ཏེ་དམག་དཔུང་མངགས་ནས་དེར་ཐེ་གཏོགས་བྱས་པར་མ་ཟད། སའེ་ཕུའུ་ལུའུ་སིའི་བྱང་ཕྱོགས་ཀྱི་གླིང་ཕྲན་ཡོངས་ཀྱི་སུམ་ཆའི་གཅིག་ཟིན་པའི་ས་ཁོངས་བདག་ཏུ་བཟུང་། གཅིག་སྟོང་དགུ་བརྒྱ་གྱ་གསུམ་ལོར། ཐུར་ཁེ་རིགས་ཀྱིས་སའེ་ཕུའུ་ལུའུ་སིའི་བྱང་ཕྱོགས་ནས་སའེ་ཕུའུ་ལུའུ་སི་བྱང་མའི་ཐུར་ཁེ་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ཁྱབ་བསྒྲགས་བྱས་ན་ཡང་། མིག་སྔར་ཐུར་ཁེ་རྒྱལ་ཁབ་མ་གཏོགས་རྒྱལ་ཁབ་གཅིག་གིས་ཀྱང་དེ་ཁས་བླངས་མེད། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་སའེ་ཕུའུ་ལུའུ་སི་རུ་ཡུན་རིང་བོར་བདེ་སྲུང་དམག་དཔུང་བཀོད་སྒྲིག་བྱས་ཡོད་པར་མ་ཟད། ཞི་ལཱ་དང་ཐུར་ཁེ་རིགས་གཉིས་ཀྱི་འགོ་ཁྲིད་པས་གཅིག་གྱུར་གྲོས་མོལ་བྱེད་པར་འདུམ་སྒྲིག་བྱེད་བཞིན་ཡོད།