ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་གྱིས་ཁྲའོ་ཞན་མི་དམངས་དམག་དཔུང་གི་མཚོ་དམག་ཤར་ཕྱོགས་མཚོ་ཁོངས་གྲུ་གཟིངས་རུ་ཁག་གི་ཁོངས་སུ་གཏོགས་པའི་དམག་དཔུང་ལ་རྟོག་ཞིབ་བྱས་ཏེ། དམག་གྲབས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། བསྒྲགས་པའི་གནས་ཚུལ་ལས་རྟོག་ཞིབ་བྱ་འགུལ་དེའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་མཚོ་ཐོག་ཏུ་ཉེན་ཟོན་ལས་རེས་བྱེད་པར་འགྲོ་ལ་ཉེ་བའི་ཉེན་སྲུང་གྲུ་གཟིངས་ཤིག་ལ་བསྡད་དེ་དམག་གྲུའི་དྲག་ཆས་སྒྲིག་ཆས་དང་དམག་གྲབས་གནས་ཚུལ་ལ་རྒྱུས་ལོན་བྱས། ཉིན་དེར་ད་རུང་ཉེན་སྲུང་དམག་གྲུའི་དམག་མིས་འཐབ་ཇུས་སྐོར་འདེད་འཕུར་མདའི་གཏོང་འཕེན་སྦྱོང་བརྡར་བྱས་པར་ལྟ་སྦྱོང་བྱས།
བསྒྲགས་པ་ལྟར་ན། ཅིན་ཀྲིན་ཨིན་གྱིས་མཚོ་དམག་གིས་དྲག་ཆས་སྒྲིག་ཆས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་དངོས་འཐབ་ནུས་པ་མཐོར་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་དེའི་སྔོན་བསྒྲགས་པ་ལྟར་ན། ཁྲའོ་ཞན་མི་དམངས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡི་མགྲིན་ཚབ་པས་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁས་ཉེ་སྔོན་ཡང་བསྐྱར་འཐབ་ཇུས་མྱུལ་ཞིབ་གནམ་གྲུ་མངག་ནས་ཁྲའོ་ཞན་ཤར་ཕྱོགས་མཚོ་ཁོངས་ཀྱི་ཁྲའོ་ཞན་ཕྱོགས་ཀྱི་དཔལ་འབྱོར་མཚོ་ཁོངས་སུ་བཙན་འཛུལ་བྱས་པར་རྒོལ་གཏམ་བཏང་བ་དང་། ཁྲའོ་ཞན་ཕྱོགས་ཀྱིས་འབྲེལ་ཡོད་མཚོ་ཁོངས་སུ་དུས་རྒྱུན་པར་རྣམ་པ་གསར་བའི་མཁའ་སྲུང་འཕུར་མདའ་སྒྲིག་སྦྱོར་བྱས་པའི་དམག་གྲུ་བཀོད་སྒྲིག་བྱེད་པར་བསམ་བློ་གཏོང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།