ཕཱ་ཁི་སི་ཐན་རྒུད་སྐྱོབ་སྡེ་ཁག་གིས་ཚེས་ཉི་ཤུ་ཉིན་བདེན་དཔང་བྱས་དོན། ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་ཕང་ཀྲི་ཕུའུ་ཞིང་ཆེན་དུ་ཉིན་དེའི་སྔ་དྲོར་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉི་ཤུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཟེར།
ཕཱ་ཁི་སི་ཐན་རྒུད་སྐྱོབ་སྡེ་ཁག་གིས་བཤད་རྒྱུར། འགྲུལ་བ་བཞི་བཅུ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཕང་ཀྲི་ཕུའུ་ཞིང་ཆེན་གྱི་ཧཱ་ཧྥེ་ཀྲ་པཱ་ཏི་ས་ཁུལ་ནས་སྣུམ་ཟོ་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་ཐོ་བརྒྱབ་སྟེ་མེར་འབར་བ་རེད། རྒུད་སྐྱོབ་མི་སྣར་ཉེན་བརྡ་འབྱོར་རྗེས་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱས་པ་དང་། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ཡོད་ལ། རྨས་མའི་ཁྲོད་མི་ལ་ལ་མེར་འཚིག་ཡོད་པ་དང་། དེའི་ནང་མི་གསུམ་གྱི་རྨས་སྐྱོན་ཅུང་ཚབས་ཆེན་རེད་ཟེར།
ཕཱ་ཁི་སི་ཐན་དུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ནི་རླངས་འཁོར་རྙིང་བ་ཡིན་པ་དང་ལམ་མི་བདེ་བ། ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཞན་པ་བཅས་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།