ཕཱ་ཁི་སི་ཐན་ནུབ་བྱང་ས་ཁུལ་ནས་རླངས་འཁོར་ཞིག་ལ་འཇབ་རྒོལ་ཐེབས་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཉིས་ལ་རྨས་ཕོག
2023.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཕཱ་ཁི་སི་ཐན་རྒུད་སྐྱོབ་སྡེ་ཁག་གིས་ཚེས་ཉི་ཤུ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་དུ་ངལ་རྩོལ་མི་སྣ་དྲུད་པའི་རླངས་འཁོར་ཞིག་ལ་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་འགས་གཏོར་འཇབ་རྒོལ་ཐེབས་ནས། མིག་སྔར་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག གཞན་ཡང་མི་གསུམ་གར་སོང་རྙེད་མེད་ཟེར།

རྒུད་སྐྱོབ་སྡེ་ཁག་གིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་བྱུང་རྗེས། བདེ་འགས་མི་སྣ་དག་འཇབ་རྒོལ་ཐེབས་སར་འབྱོར་ནས་ཡུལ་དངོས་ལ་བཀག་སྡོམ་བྱས་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་ཝ་ཅི་ལི་སི་ཐན་བྱང་མ་ས་ཁུལ་དེ་ཨ་ཧྥུའུ་ཧན་དང་འདབས་འབྲེལ་དུ་ཡོད་པ་དང་། མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།