ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པའི་འཐུས་ཚབ་ཚོགས་པ་དང་ནེ་ཀྲིར་དམག་ཕྱོགས་ཀྱིས་གྲོས་མོལ་བྱས།
2023.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཚེས་བཅུ་དགུ་ཉིན་ནེ་ཀྲི་རི་ཡཱའི་སྔོན་ཆད་ཀྱི་ཙུང་ཐུང་ཨ་པུའུ་པཱ་ཁཱ་ཨར་དང་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨོ་མཱ་ཨར་ཐུའུ་ལོས་ཡིས་ཁྲིད་པའི་འཐུས་ཚབ་ཚོགས་པ་ནེ་ཀྲིར་གྱི་རྒྱལ་ས་ནེ་ཡཱ་མཱེ་རུ་འབྱོར་ནས་འདུམ་འགྲིག་བྱེད་མགོ་བརྩམས། འཐུས་ཚབ་ཚོགས་པས་ནེ་ཀྲིར་སྲིད་འགྱུར་དམག་མིའི་མགོ་ཁྲིད་པ་ཆི་ཡཱ་ནེ་ལ་ཐུག་འཕྲད་བྱས་པ་དང་། དེའི་རྗེས་སུ་བཀག་འཇུག་བྱས་པའི་ཙུང་ཐུང་པཱ་ཙུའུ་མུའུ་ལའང་ཐུག་འཕྲད་བྱས།

ཚེས་བཅུ་དགུ་ཉིན་གྱི་དགོང་མོར་ནེ་ཀྲིར་སྲིད་འགྱུར་དམག་མིའི་མགོ་ཁྲིད་པ་ཆི་ཡཱ་ནེ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། རྒྱུན་པར་གྲོས་མོལ་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པའི་ཚུལ་བསྟན། དེ་ལས་གཞན་ཁོས་ནེ་ཀྲིར་གྱིས་བཟོད་སྒོམ་རང་བཞིན་གྱི་རྒྱལ་ཡོངས་གྲོས་མོལ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ལོ་གསུམ་གྱི་དུས་ཚོད་ནང་ཆབ་སྲིད་བར་བརྒལ་ཡོངས་འགྲུབ་བྱེད་དགོས་པའི་གྲོས་གཞི་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།