ཙེ་ལེན་སི་ཅི་ཡིས་ཧི་ལན་གྱིས་ཝུའུ་ཁི་ལན་ལ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞེ་གཉིས་འདོན་སྤྲོད་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།
2023.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལེན་སི་ཅི་ཡིས་ཚེས་ཉི་ཤུ་ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཧི་ལན་གྱིས་ཝུའུ་ཁི་ལན་ལ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞེ་གཉིས་སྟེར་བར་ཡིད་འཐད་བྱུང་ཡོད་ཟེར།

ཙེ་ལེན་སི་ཅི་ཡིས་བཤད་རྒྱུར། ཁོ་ཉིན་དེར་ཧི་ལན་དུ་འབྱོར་ནས་འཚམས་འདྲི་བྱས་པ་དང་། ཧི་ལན་གྱི་དབུ་བཞུགས་བློན་ཆེན་ལོའུ་ཐི་དང་མཉམ་དུ་གཙོ་བོ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བརྒྱུད་སྤྲོད་བྱེད་པ་དང་ཞི་བདེའི་མཐོ་རིམ་གྲོས་ཚོགས་སོགས་ཀྱི་གནད་དོན་ཐད་ནས་གྲོས་མོལ་བྱས་ཟེར། ཁོས་བསྟན་དོན། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་ལ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་པའི་ཁ་གྲངས་ཐད་ནས་གྲོས་འཆམ་བྱུང་ཡོད་ལ། ཝུའུ་ཁི་ལན་གྱི་གནམ་གྲུའི་ཁ་ལོ་བ་དང་བཟོ་སྐྲུན་པའི་འབྲེལ་ཡོད་ཀྱི་གསོ་སྦྱོང་མཇུག་སྒྲིལ་རྗེས། ཧི་ལན་གྱིས་ཝུའུ་ཁི་ལན་ལ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞེ་གཉིས་བརྒྱུད་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་འཕྲིན་གཏོང་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁས་ཏན་མག་དང་ཧི་ལན་བརྒྱུད་དེ་ཝུའུ་ཁི་ལན་ལ F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་འདོན་སྤྲོད་བྱེད་པར་ཆོག་མཆན་བཀོད་ཡོད་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བརྒྱུད་སྤྲོད་བྱེད་པའི་འགྲོ་ལུགས་ཚང་མར་མྱུར་མོར་ཆོག་མཆན་འགོད་རྒྱུ་ཁས་ལེན་བྱས་ཡོད་ཟེར།

ཡིན་ཡང་ཝུའུ་ཁི་ལན་དམག་ཕྱོགས་ཀྱི་མགྲིན་ཚབ་པ་དབྱེ་ཀི་ནཱ་ཐི་ཡིས་དེའི་སྔོན་བརྙན་རིས་བརྒྱུད་དེ་ཁས་ལེན་བྱས་དོན། ཝུའུ་ཁི་ལན་གྱི་གནམ་གྲུའི་ཁ་ལོ་བའི་གསོ་སྦྱོང་གནད་དོན་ཐག་གཅོད་བྱས་མེད་པའི་དབང་གིས་ད་ལོའི་སྟོན་ཁ་དང་དགུན་ཁའི་དུས་སུ་ཝུའུ་ཁི་ལན་གྱིས F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བཀོལ་ནས་ཝུའུ་ཁི་ལན་གྱི་མཁའ་ཁོངས་ལ་སྲུང་སྐྱོབ་བྱེད་རྒྱུ་མ་རེད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉེ་སྔོན་བཤད་རྒྱུར། ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་ཉིང་རྡུལ་མཚོན་ཆ་སྒྲིག་སྦྱོར་བྱེད་ཐུབ་པའི F-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་བྱུང་ན། ཨུ་རུ་སིའི་ཕྱོགས་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་དག་གི་ཉིང་རྡུལ་ནུས་པའི་འཇིགས་ཉེན་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།