ཝེ་ཏི་མཱ་ལཱ་ཡིས་ཚེས་ཉི་ཤུ་ཉིན་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ། རྒྱལ་ཡོངས་རེ་བའི་མནའ་འབྲེལ་གྱི་འདེམ་སྒུག་པ་ཐའོ་ལོས་སི་དང་ས་བོན་ལས་འགུལ་ཏང་གི་འདེམ་སྒུག་པ་ཨ་ལོས་ཝ་ལོ་ཡིས་ཆེས་མཇུག་མཐའི་འགྲན་རྩོད་སྤེལ།
ཉིན་དེའི་ཞོགས་པའི་དུས་ཚོད་བདུན་སྟེང་། ཝེ་ཏི་མཱ་ལཱ་རྒྱལ་ཡོངས་ཀྱི་འདེམ་ཤོག་འཕེན་ས་སྟོང་གསུམ་དང་ལྔ་བརྒྱ་ཙམ་ནས་འདེམ་ཤོག་འཕེན་མགོ་བརྩམས་པ་དང་། ཕྱི་དྲོའི་དུས་ཚོད་དྲུག་སྟེང་འདེམ་ཤོག་འཕེན་པའི་བྱ་བ་མཇུག་སྒྲིལ། ཚོད་དཔག་བྱས་ན་འདེམ་ཤོག་རྩིས་ལེན་བྱས་པའི་ཐོག་མའི་མཇུག་འབྲས་དེ་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱེད་རྒྱུ་རེད། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འདེམ་ཤོག་འཕེན་སའི་ཡུལ་དངོས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱས་ཡོད། དམངས་ཀྱི་འདོད་བློའི་རྟོག་ཞིབ་མཇུག་འབྲས་མང་བོ་ལས་མངོན་པ་ལྟར་ན། ཨ་ལོས་ཝ་ལོ་ཡི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་ཁྲོད་ཀྱི་རྒྱབ་སྐྱོར་གྱི་ཚད་གནས་སྐབས་སུ་ཅུང་མཐོ་བར་མངོན།
ཝེ་ཏི་མཱ་ལཱའི་འདེམ་བསྐོའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། འདེམ་སྒུག་པ་གང་རུང་ལ་ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་འདེམ་ཤོག་ཐོབ་ན་ཐད་ཀར་དུ་རྒྱལ་ཁ་ཐོབ་པ་ཡིན། གལ་ཏེ་མི་གང་རུང་ལ་ཕྱེད་གྲངས་བརྒལ་བའི་འདེམ་ཤོག་ཐོབ་མེད་ཚེ། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་དགོས་པ་རེད། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་དེ་ཙུང་ཐུང་ལ་བདམས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།