ཨེ་ཀྭ་ཏོར་རྒྱལ་ཡོངས་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ཐཱ་མན་ཐི་ཡིས་ཚེས་ཉི་ཤུ་ཉིན་བསྟན་དོན། ཨེ་ཀྭ་ཏོར་གྱིས་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་སྐོར་ཐེངས་གཉིས་པའི་ཙུང་ཐུང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།
མིག་སྔའི་བར་དུ་ཨེ་ཀྭ་ཏོར་གྱིས་ཚེས་ཉི་ཤུ་ཉིན་སྤེལ་བའི་ཙུང་ཐུང་འདེམ་བསྐོའི་བརྒྱ་ཆའི་དགུ་བཅུའི་འདེམ་ཤོག་རྩིས་ལེན་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ཡོད།
ཨེ་ཀྭ་ཏོར་གྱི་རྩ་ཁྲིམས་གཏན་འཁེལ་ལྟར་ན། ཙུང་ཐུང་འདེམ་བསྐོའི་ཁྲོད། སྐོར་ཐེངས་དང་པོའི་འདེམ་བསྐོའི་ཁྲོད་འདེམ་ཤོག་ཐོབ་ཚད་ཕྱེད་གྲངས་ལས་བརྒལ་བའམ་ཡང་ན་བརྒྱ་ཆའི་བཞི་བཅུ་ལས་བརྒལ་བ་དང་ཨང་གཉིས་པ་ལས་བརྒྱ་ཆའི་གྲངས་གནས་བཅུ་ཡིས་མང་བའི་འདེམ་སྒུག་པ་ཐད་ཀར་དུ་ཙུང་ཐུང་ལ་བདམས་ཐོན་བྱས་ཆོག་པ་ཡིན། གལ་ཏེ་འདེམ་སྒུག་པ་གང་རུང་གོང་གི་ཆ་རྐྱེན་དེར་བསླེབས་མེད་ན། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་གཉིས་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་ཞུགས་དགོས་ལ། འདེམ་ཤོག་མང་བོ་ཐོབ་མཁན་དེ་བདམས་པ་རེད།
འདེམ་བསྐོའི་ཉིན་རིམ་ལྟར་ན། ཚེས་ཉི་ཤུ་ཉིན་གྱི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་འདེམ་ཤོག་རྩིས་ལེན་གྱི་བྱ་བ་དེ་ཟླ་བརྒྱད་པའི་ཚེས་སུམ་ཅུའི་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། ཆེས་མཐའ་མའི་མཇུག་འབྲས་དེ་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ཁྱབ་བསྒྲགས་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།