ཨ་ལོས་ཝ་ལོ་ཡིས་ཝེ་ཏི་མཱ་ལཱའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས།
2023.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། ཝེ་ཏི་མཱ་ལཱའི་རྒྱལ་ས་ཝེ་ཏི་མཱ་ལཱ་མཁར་ནས། ས་བོན་ལས་འགུལ་ཏང་གི་འདེམ་སྒུག་པ་ཨ་ལོས་ལོ་ཝ་ཡིས་འདེམ་ཤོག་འཕེན་སར་འདེམ་ཤོག་འཕེན་བཞིན་པ།

ཝེ་ཏི་མཱ་ལཱའི་ས་བོན་ལས་འགུལ་ཏང་གི་ཙུང་ཐུང་གི་འདེམ་སྒུག་མི་སྣ་ཨ་ལོས་ཝ་ལོ་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཝེ་ཏི་མཱ་ལཱའི་ཙུང་ཐུང་འདེམ་བསྐོའི་ཁྲོད་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས།

ཝེ་ཏི་མཱ་ལཱའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་ཁྲིམས་ཁང་གིས་ཉིན་དེའི་དགོང་མོར་ཁྱབ་བསྒྲགས་བྱས་པའི་བརྒྱ་ཆའི་གོ་དགུ་དང་གྲངས་ཆུང་དྲུག་གི་འདེམ་ཤོག་རྩིས་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད། ཨ་ལོས་ཝ་ལོ་ལ་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་ང་བརྒྱད་དང་གྲངས་ཆུང་གཅིག་ལྔ་ཡིན་པ་དང་། རྒྱལ་ཡོངས་རེ་བའི་མནའ་འབྲེལ་གྱི་འདེམ་སྒུག་པ་ཐའོ་ལོས་སི་ཡི་འདེམ་ཤོག་ཐོབ་ཚད་བརྒྱ་ཆའི་སོ་བདུན་དང་གྲངས་ཆུང་གཅིག་གཅིག་རེད།

ཝེ་ཏི་མཱ་ལཱའི་ཙུང་ཐུང་ཅཱ་མཱ་ཐེ་ཡིས་སྨྱན་བྱད་བརྒྱུད་དེ་ཨ་ལོས་ཝ་ལོ་ལ་རྟེན་འབྲེལ་ཞུས་པ་དང་། རྗེས་མཐུད་ཀྱི་དབང་ཆའི་བརྒྱུད་སྤྲོད་བྱ་བ་གོ་རིམ་ལྡན་པར་སྤེལ་དགོས་པའི་རེ་བ་བཏོན།

ཨ་ལོས་ཝ་ལོ་ཡི་འགྲན་རྩོད་འདོད་བློར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། དཔོན་པོའི་བསྐོ་འཇོག་ཚད་གཞི་མཐོར་འདེགས་བྱེད་པ། སྤྱི་བའི་སྨན་བཅོས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལས་ཞུགས་གསོ་སྦྱོང་ལ་ཤུགས་སྣོན་པ། ཞིང་ལས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ། ནག་ཉེས་ལ་སྔོན་འགོག་དང་ཆམ་ཕབ་གཏོང་བ་སོགས་འདུས།

ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན། ཝེ་ཏི་མཱ་ལཱ་ཡིས་ཙུང་ཐུང་དང་གྲོས་ཁང་། ས་གནས་བཅས་ཀྱི་འདེམ་བསྐོའི་བྱ་འགུལ་སྤེལ། ཙུང་ཐུང་འདེམ་བསྐོའི་སྐོར་ཐེངས་དང་པོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ཁྲོད་ཕྱེད་གྲངས་བརྒལ་བའི་མི་གང་ཡང་མེད་པ་རེད། ཝེ་ཏི་མཱ་ལཱའི་འདེམ་བསྐོའི་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། སྐོར་ཐེངས་དང་པོའི་འདེམ་བསྐོའི་ཁྲོད་འདེམ་ཤོག་ཐོབ་ཚད་ཆེས་མང་བའི་འདེམ་སྒུག་པ་ཨ་ལོས་ཝ་ལོ་དང་ཐའོ་ལོས་སི་གཉིས་སྐོར་ཐེངས་གཉིས་པའི་འགྲན་རྩོད་ལ་ཞུགས་ནས་འདེམ་ཤོག་མང་བོ་ཐོབ་མཁན་དེ་བདམས་པ་རེད། ཙུང་ཐུང་གསར་བས་སང་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལས་འགན་ཁུར་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།