ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན། ཧན་གོའི་ཧྲིག་ཨར་གྲོང་ཁྱེར་ལྟེ་གནས་སུ། གྲོང་ཁྱེར་སྡོད་དམངས་ཀྱིས་ལག་ཏུ་འཕྲེད་བྱང་བཟུང་ནས་འདུ་ཚོགས་སྤེལ།
ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་ཉེར་གཅིག་ཉིན་ཚབ་མིང་ལ་ཡེ་ཀྲི་རང་དབང་གི་ཕུབ་ཅེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། ཧན་གོའི་དམངས་ཁྲོད་ཚོགས་ཁག་ཞི་བདེ་གཅིག་གྱུར་གྱི་གསར་གཏོད་མཁན་ཞེས་པས་ཉིན་དེར་ཧྲིག་ཨར་གྲོང་ཁྱེར་ལྟེ་གནས་སུ་འདུ་ཚོགས་བསྡུས་ཏེ། ཧན་གོ་དང་ཨ་མེ་རི་ཁའི་དམག་དོན་སྦྱོང་བརྡར་མྱུར་དུ་མཚམས་འཇོག་དགོས་པ་དང་། ཕྱེད་གླིང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་སྐུལ་མ་བཏང་།
འདུ་ཚོགས་ལ་ཞུགས་པའི་གྲོང་ཁྱེར་སྡོད་དམངས་དག་ཧན་གོའི་ཙུང་ཐུང་བཞུགས་ཤག་གི་མདུན་དུ་འདུས་པ་དང་། འཐབ་འཁྲུག་གི་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པ་དང་ཧན་གོ་དང་ཨ་མེ་རི་ཁའི་འཕུར་མདའི་འགོག་སྲུང་སྦྱོང་བརྡར་ལ་ངོ་རྒོལ་བྱེད་པ། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དམག་དོན་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ་སོགས་ཀྱི་འཕྲེད་བྱང་མཐོན་པོར་བཏེགས་ཏེ། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཨ་མེ་རི་ཁས་ཧན་གོར་འདོན་སྤྲོད་བྱས་པའི་རྒྱུན་བསྲིངས་ཟིལ་ཤུགས་མེད་པར་གཏོང་དགོས་པའི་རེ་བ་བཏོན།
འདུ་ཚོགས་ལ་ཞུགས་པའི་མང་ཚོགས་ཀྱིས་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་སྔོན་ལོ་ལས་གཞི་རྒྱ་ཆེ་བ་དང་། ཁྲའོ་ཞན་ལ་སྔོན་ལ་ལག་འགུལ་བའི་དཀྲུག་འཕེན་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་བྱས་ཡོད་པས། མ་གཞི་ནས་ཛ་དྲག་ཆེ་བའི་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སྔར་ལས་ཇེ་སྡུག་ཏུ་གཏོང་སྲིད་པ་དང་། ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་དུ་དྲག་ཆས་འཁྲུག་རྩོད་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད་ཟེར།
ཧན་གོའི་མཉམ་འབྲེལ་ཇུས་འདོན་པུའུ་ཡིས་ཉེ་སྔོན་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁའི་དམག་དཔུང་གིས་ཟླ་འདིའི་ཚེས་ཉེར་གཅིག་ཉིན་ནས་ཚེས་སོ་གཅིག་ཉིན་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་པ་དང་། དམག་དོན་སྦྱོང་བརྡར་སྐབས་སུ་མཉམ་འབྲེལ་གྱི་ཐང་འཐབ་སྦྱོང་བརྡར་རྣམ་གྲངས་སུམ་ཅུ་ལྷག་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།