ཚེས་ཉི་ཤུ་ཉིན། ཧང་ག་རིའི་ཙུང་ལི་ཨིག་ཨར་པན་དང་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་གྲོས་མོལ་བྱས། ཧང་ག་རིའི་ཕྱི་འབྲེལ་བློན་ཆེན་ཞི་ཡཱ་ཨར་ཏའོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་གནས་བབ། ནུས་ཁུངས་མཉམ་ལས་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས། ཞི་ཡཱ་ཨར་ཏའོ་ཡིས་བཤད་རྒྱུར། ཐུར་ཁེ་ཡིས་ཧང་ག་རིའི་ནུས་ཁུངས་མཁོ་འདོན་གྱི་བདེ་འཇགས་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། ཧང་ག་རི་ལ་སྐྱེལ་འདྲེན་བྱེད་པའི་རང་བྱུང་སོལ་རླངས་མང་ཆེ་བ་ནི་ཐུར་ཁེའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་བརྒྱུད་དེ་འདྲེན་བཞིན་ཡོད་པ་དང་། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབ་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།