ཞི་ལཱའི་བྱང་ཤར་ས་ཁུལ་དུ་རི་མགོའི་མེ་སྐྱོན་ལས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།
2023.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཞི་ལཱའི་མེ་གསོད་སྡེ་ཁག་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་ཡཱ་ལི་ཧྲན་ཏི་ལུའུ་པའོ་ལེ་སི་ས་ཁུལ་གྱི་རི་མགོའི་མེ་སྐྱོན་ལས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར།

ཞི་ལཱ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ས་དེའི་དཔོན་རིགས་ཀྱི་སྐད་ཆ་དྲངས་ནས་བསྒྲགས་པ་ལྟར་ན། རྒུད་སྐྱོབ་མི་སྣས་ས་ཁུལ་དེའི་རི་མགོའི་མེ་སྐྱོན་གྱི་གཏོར་བརླག་ཐེབས་པའི་ནགས་ཚལ་གྱི་འཚིག་རོའི་ཁྲོད་ནས་མེར་འཚིག་པའི་བེམ་པོ་བཅོ་བརྒྱད་རྙེད་པ་དང་། མི་དེ་དག་ནི་ཁྲིམས་འགལ་གྱིས་ཞི་ལཱ་རུ་ཡོང་བའི་གནས་སྤོར་སྡོད་དམངས་ཡིན་ངེས་རེད་ཟེར།

ས་དེའི་རི་མགོའི་མེ་སྐྱོན་བྱུང་ནས་ཉིན་བཞི་འགོར་ཡོད་པ་དང་། སྡོད་དམངས་འདུས་སྡོད་བྱེད་ས་བཅུ་ལྷག་གནས་གཞན་དུ་བཀོད་སྒྲིག་བྱས་ཡོད། བསྒྲགས་པ་ལྟར་ན། ས་དེའི་སྨན་ཁང་ཞིག་མེ་སྐྱོན་གྱི་དབང་གིས་གནས་གཞན་དུ་མི་སྤོར་ཐབས་མེད་བྱུང་བས། ནད་པ་དག་སྨན་ཁང་གཞན་པར་བསྐྱལ་ཡོད་ཟེར།

ཞི་ལཱའི་ཡཱ་ཏེན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཞི་ལཱའི་མངའ་ཁོངས་སུ་མིག་སྔར་བསྡོམས་པས་གནས་རེ་ལྔ་ནས་རི་མགོའི་མེ་སྐྱོན་བྱུང་ཡོད་པ་དང་། དེའི་ནང་གནས་གཉིས་རྒྱལ་ས་ཡཱ་ཏེན་ཡོད་སའི་ཨ་ཐིས་ཁཱ་ས་ཁུལ་ཆེན་མོར་ཡོད། ཡོ་རོབ་གླིང་གི་རྒྱལ་ཁབ་མང་བོས་མེ་གསོད་མི་སྣ་མངག་ནས་ཞི་ལཱའི་མེ་གསོད་འགུལ་སྐྱོད་ལ་རོགས་སྐྱོར་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།