ཧོང་མཱ་ནེ་ཁམ་ཕུ་ཀྲེའི་སྐབས་གསར་བའི་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་དུ་བདམས།
2023.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཁམ་ཕུ་ཀྲེའི་སྐབས་བདུན་པའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོས་ཚེས་ཉེར་གཉིས་ཉིན་ཅིན་པེན་ནས་བརྡས་ཐག་བཅད་དེ་ཧོང་མཱ་ནེ་སྐབས་གསར་བའི་སྲིད་གཞུང་གི་དབུ་བཞུགས་བློན་ཆེན་དུ་བསྐོ་འཇོག་བྱེད་པར་གྲོས་མཐུན་བཀོད་པར་མ་ཟད། རྒྱལ་ཚོགས་ཀྱི་མགོ་ཁྲིད་པ་དང་སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མིའི་མིང་འདོན་ལ་གྲོས་མཐུན་བཀོད།

ཁམ་ཕུ་ཀྲེའི་མི་དམངས་ཏང་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན། རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨང་གཉིས་པ་ཁོན་སུའུ་ཏཱ་ལེ་རྒྱལ་ཚོགས་ཀྱི་ཀྲུའུ་ཞིར་བདམས། སྲིད་འཛིན་ལས་ཁུངས་ཀྱི་ཁོངས་མི་དང་རྒྱལ་ཚོགས་ཀྱི་ཨུ་ཡོན་ལྷན་ཁང་བཅུའི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་འདེམ་སྒུག་མི་སྣར་ཡང་ཉིན་དེར་འདེམ་ཤོག་འཕངས་ནས་ཆོག་མཆན་བཀོད།

ཧོང་མཱ་ནེ་ཡིས་བདམས་ཐོན་བྱུང་རྗེས་རྒྱལ་ཚོགས་ནས་གཏམ་བཤད་སྤེལ་ཏེ། གྲོས་མི་རྣམ་པར་བཀའ་དྲིན་ཞུས་པ་དང་། སྐབས་གསར་བའི་སྲིད་གཞུང་གིས་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་ཐད་འབད་འབུངས་བྱས་ནས། གཏིང་ཟབ་ཅིང་རྒྱ་ཆེ་བའི་བཅོས་བསྒྱུར་བྱེད་ཐབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

ཧོང་མཱ་ནེ་ནི་གཅིག་སྟོང་དགུ་བརྒྱ་དོན་བདུན་ལོའི་ཟླ་བཅུ་བར་ཁམ་ཕུ་ཀྲེའི་ཕང་ཧྲིན་ཞིང་ཆེན་ནས་སྐྱེས་པ་དང་། གཅིག་སྟོང་དགུ་བརྒྱ་གོ་དགུ་ལོར་ཨ་མེ་རི་ཁའི་ཞི་ཏེན་དམག་དོན་སློབ་གྲྭ་ནས་སློབ་མཐར་ཕྱིན། དེའི་རྗེས་སུ་སོ་སོར་ཨ་མེ་རི་ཁའི་ཉིག་ཡོ་སློབ་ཆེན་དང་དབྱིན་ཇིའི་པུའུ་ལི་སི་ཐའོ་སློབ་ཆེན་ནས་དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་དང་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་བླངས། ཉིས་སྟོང་བཅོ་བརྒྱད་ལོར་ཁམ་ཕུ་ཀྲེའི་རྒྱལ་བོའི་དམག་དཔུང་གི་དམག་སྤྱི་གཞོན་པ་དང་སྐམ་དམག་གི་དམག་སྤྱིའི་འགན་ཁུར། ལོ་དེར་མི་དམངས་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་ཞུགས།


བསོད་ནམས་ཚེ་རིང་གིས་བསྒྱུར།