ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གི་ནང་སྲིད་པུའུ་ཀྲང་ཐཱ་ལཱ་པེ་ཨར་ཞི་ཡིས་ཚེས་ཉེར་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ལི་པུ་ཡཱ་ཡིས་ཉིན་དེར་ཁྲིམས་འགལ་གནས་སྤོར་སྡོད་དམངས་བཞི་བརྒྱ་དང་གྱ་དྲུག་རང་རང་གི་རྒྱལ་ཁོངས་སུ་ཕྱིར་ལྡོག་བྱས་ཟེར།
ཐཱ་ལཱ་པེ་ཨར་ཞི་ཡིས་བཤད་རྒྱུར། ཕྱིར་ལྡོག་བྱས་པའི་གནས་སྤོར་སྡོད་དམངས་ཁྲོད་མི་ཉིས་བརྒྱ་དང་གོ་བཞི་ཨེ་ཅིབ་ནས་ཡོང་བ་དང་། དེའི་འཕྲོའི་མི་རྣམས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་གཞན་པ་ནས་ཡོང་བ་རེད་ཟེར། ཁོས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ངེས་པར་དུ་ལི་པུ་ཡཱ་ལ་རོགས་རམ་བྱས་ནས་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་དང་། གནད་དོན་དེས་ལི་པུ་ཡཱ་ལ་དཀའ་ཁག་ཆེན་པོ་བཟོས་ཡོད་ཟེར།
རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཚེས་ཉེར་གཅིག་ཉིན་གསར་བསྒྱུར་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཚུན་ལ། བསྡོམས་པས་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྟོང་དགུ་དང་བརྒྱད་བརྒྱ་དང་དྲུག་ས་དཀྱིལ་མཚོ་ཁོངས་བརྒལ་རྩིས་བྱེད་སྐབས་སྲོག་ཉེན་ལས་བསྐྱབས་ནས་ལི་པུ་ཡཱ་རུ་ཕྱིར་བསྐྱལ་ཡོད་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།