ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ནེ་ཀྲིར་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས།
2023.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཀྲིར་ནས་ཉེ་སྔོན་བྱུང་བའི་དམག་དོན་སྲིད་འགྱུར་ལ་རྒོལ་གཏམ་བཏང་བ་དང་། ནེ་ཀྲིར་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཐོབ་ཐང་གནས་སྐབས་སུ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱེད་རྒྱུ་ཐག་བཅད།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉེ་སྔོན་ཚོགས་འདུ་བསྡུས་ནས་ནེ་ཀྲིར་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་བྱུང་བའི་སྲིད་འགྱུར་ལ་རྒོལ་གཏམ་བཏང་བར་མ་ཟད། ནེ་ཀྲིར་དམག་ཕྱོགས་ཀྱིས་རྒྱལ་ཁབ་དང་མི་དམངས་ཀྱི་ཆེས་མཐོའི་ཁེ་ཕན་དེ་གོ་གནས་གལ་ཆེན་དུ་འཇོག་དགོས་པ་དང་། མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པར་ཕྱིར་དམག་སྒར་དུ་ལོག་དགོས་པའི་སྐུལ་མ་བཏང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནེ་ཀྲིར་གྱིས་ཕན་ནུས་ལྡན་པའི་སྒོ་ནས་རྩ་ཁྲིམས་ཀྱི་སྒྲིག་ལམ་སླར་གསོ་བྱེད་རག་བར་དུ་ནེ་ཀྲིར་ཞུགས་པའི་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་དང་དེའི་ལས་ཁུངས་ཀྱི་འབྲེལ་ཡོད་བྱ་འགུལ་ཚང་མ་མཚམས་འཇོག་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཨ་ཧྥེ་རི་ཁ་ནུབ་མའི་དཔལ་འབྱོར་ཐུན་མོང་ཚོགས་པས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ནེ་ཀྲིར་གྱི་རྩ་ཁྲིམས་སྒྲིག་ལམ་སླར་གསོ་བྱེད་པའི་བྱ་བར་རྒྱབ་སྐྱོར་གང་ལེགས་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།