ཧན་གོ་དང་འཇར་པན་གྱི་མང་ཚོགས་ཀྱིས་འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་ཆོད་དོན་ལག་བསྟར་བྱེད་པར་ངོ་རྒོལ་བྱས།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཧན་གོའི་སྤྱི་ཚོགས་ཚོགས་ཁག་གིས་ཚེས་ཉེར་གཉིས་ཉིན་དང་ཚེས་ཉེར་གསུམ་ཉིན་ཧན་གོའི་ས་ཁུལ་མང་བོ་ནས་ངོ་རྒོལ་བྱ་འགུལ་སྤེལ་ཏེ། འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་ཆོད་དོན་ལག་བསྟར་བྱེད་པར་ངོ་རྒོལ་བྱས། ངོ་རྒོལ་མཁན་གྱིས་བསྟན་དོན། འཇར་པན་སྲིད་གཞུང་གི་ཆོད་དོན་དེ་ལས་རྒྱ་མཚོའི་ཁོར་ཡུག་ལ་གཏོར་བརླག་བཟོ་སྲིད་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་ལ་གནོད་པ་ཐེབས་ནས། འཛམ་གླིང་ཧྲིལ་བོར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཟེར། འཇར་པན་གྱི་ཧྥུའུ་ཏའོ་རྫོང་གི་མང་ཚོགས་དག་གིས་ཟླ་བརྒྱད་པའི་ཚེས་ཉེར་གསུམ་ཉིན་ཧྥུའུ་ཏའོ་རྫོང་སྲིད་འཛིན་ཐོག་ཁང་ཆེན་མོའི་མདུན་ནས་འདུ་ཚོགས་བསྡུས་ཏེ། འཇར་པན་སྲིད་གཞུང་གིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་གཏོང་བའི་ཆོད་དོན་དེ་རྩིས་མེད་དུ་གཏོང་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།