རྒྱ་གར་དཔོན་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། རྒྱ་གར་བྱང་ཤར་ཕྱོགས་ཀྱི་མུས་ཙོ་ལཱ་མུའུ་མངའ་སྡེའི་འཛུགས་སྐྲུན་བྱེད་བཞིན་པའི་ལྕགས་ལམ་གྱི་གནམ་འདེགས་ཟམ་པ་ཞིག་ལ་ཉིན་དེར་རྡིབས་སྐྱོན་བྱུང་ནས། ཉུང་མཐར་ཡང་བཟོ་བ་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།
མུས་ཙོ་ལཱ་མུའུ་མངའ་སྡེའི་དབུ་བཞུགས་པུའུ་ཀྲང་ཙོ་ལཱ་མུའུ་ཐན་ཅཱ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། དོན་རྐྱེན་དེ་བྱུང་ས་ནི་མངའ་སྡེ་དེའི་ལྟེ་གནས་གྲོང་ཁྱེར་ཨེ་ཚོ་ཨར་དང་བར་ཐག་སྤྱི་ལེ་ཉི་ཤུ་ཙམ་ཡོད་པའི་མཚམས་ཡིན་ལ། རྒུད་སྐྱོབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ཟེར།
རྒུད་སྐྱོབ་ལ་ཞུགས་པའི་དཔོན་རིགས་ཀྱིས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་བཟོ་བ་བཞི་བཅུ་ལྷག་གིས་ལས་ཀ་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་སྐོར་ཞིག་ཞིག་རོའི་འོག་ཏུ་མནན་ཡོད་པས། ཤི་རྨས་ཐེབས་པའི་མི་གྲངས་བསྟུད་མར་ཇེ་མང་དུ་འགྲོ་སྲིད་ཟེར།
དོན་རྐྱེན་དེའི་འབྱུང་རྐྱེན་ད་རུང་གསལ་བོར་མི་ཤེས་ལ། རྒྱ་གར་ལྕགས་ལམ་པུའུ་ཡིས་མི་མངག་ནས་རྟོག་ཞིབ་བྱེད་བཞིན་ཡོད།
རྒྱ་གར་ལྕགས་ལམ་པུའུ་ཡི་པུའུ་ཀྲང་ཝ་དབྱེ་ཧྲི་ནོའུ་ཡིས་ཚེས་ཉེར་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན། ཤི་རྨས་ཐེབས་པའི་མི་སྣ་དང་དེའི་ཁྱིམ་མིར་ཁ་གྲངས་མི་འདྲ་བའི་འཚམས་འདྲིའི་མ་དངུལ་སྟེར་རྒྱུ་ཡིན་ཟེར། ཙུང་ལི་མའོ་ཏིས་ཀྱིས་ཀྱང་ཁྱབ་བསྒྲགས་བྱས་དོན། ཙུང་ལིའི་རྒུད་སྐྱོབ་ཐེབས་རྩའི་ཁྲོད་ནས་མ་དངུལ་བཏང་སྟེ་ཤི་རྨས་ཐེབས་པའི་མི་སྣ་དང་དེའི་ཁྱིམ་མིར་སྟེར་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།