གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཁྱབ་ཁོངས་མང་བོའི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།
2023.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅོ་ལྔ་བ་ཚེས་ཉེར་གསུམ་ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་བསྡུས། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་ཚོགས་ཐོག་ནས་ཞུ་ཚིག་འབུལ་སྐབས་དཔལ་འབྱོར་ཉོ་ཚོང་དང་ནོར་སྲིད་མ་དངུལ་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཆབ་སྲིད་བདེ་འཇགས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ལཱ་མཱ་ཧྥུའུ་སཱ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འདས་པའི་ལོ་ངོ་བཅུའི་རིང་ལ། གསེར་གྱོམ་རྒྱལ་ཁབ་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་དང་ཉོ་ཚོང་། དངུལ་གཏོང་བཅས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཞིག་ཡིན། གསེར་གྱོམ་རྒྱལ་ཁབ་ཀྱིས་དཀྱེལ་ཡངས་ཀྱི་འདོད་བློ་བཏོན་ཡོད་པ་དང་། སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་འཛམ་གླིང་སྒྲིག་ལམ་འཛུགས་པར་སྐུལ་འདེད་བཏང་ཡོད། དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས། ལག་རྩལ་བཅས་ཀྱི་གནས་བབ་གསར་བ་ལས་རྒྱལ་ཁབ་སོ་སོས་མཉམ་ལས་ལ་ཤུགས་སྣོན་པའི་རེ་བ་བཏོན་ཡོད། དངོས་ཡོད་ཀྱི་རེ་བ་དེ་དག་གིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལས་ཁུངས་ལ་རྩ་བའི་བཅོས་བསྒྱུར་བྱས་ནས་དེ་སྔར་ལས་འཐུས་ཚབ་རང་བཞིན་ལྡན་པར་བྱས་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱེད་ཐུབ་ཟེར། གསེར་གྱོམ་རྒྱལ་ཁབ་བར་གྱི་མཉམ་ལས་གླེང་སྐབས་ལཱ་མཱ་ཧྥུའུ་སཱ་ཡིས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་དེ་ཚོད་དཔག་ཐུབ་པའི་འཛམ་གླིང་ཡོངས་ཀྱི་རྩིས་སྤྲོད་མ་ལག་དང་དངུལ་ཁང་། ཉོ་ཚོང་། གནས་སྐོར། དངུལ་ལོར་སོགས་ལས་རིགས་དང་མཁོ་འདོན་མུ་འབྲེལ་གྱི་གཏན་འཇགས་འཁོར་སྐྱོད་ལ་རག་ལས་ཡོད་ལ། གསེར་གྱོམ་རྒྱལ་ཁབ་ཀྱིས་མུ་མཐུད་དུ་དངུལ་ལོར་བེད་སྤྱོད་ཁ་སྣོན་བྱས་ནས་ཉོ་ཚོང་དང་དངུལ་གཏོང་འཁོར་རྒྱུག་གི་དོན་དངོས་བྱེད་ཐབས་ལ་སྐུལ་འདེད་གཏོང་བར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

པཱ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་ཞུ་ཚིག་འབུལ་སྐབས་དུས་ཡུན་ཐུང་ཐུང་ལོ་ངོ་འགའི་རིང་ལ། འཛམ་གླིང་ཡོངས་ཀྱི་སྣེ་མང་ཅན་གྱི་རྣམ་པ་བཟང་བོ་ནས་འཇམ་འཐབ་དང་ས་ཁུལ་བར་གྱི་ཆབ་སྲིད་འགྲན་རྩོད་ཡང་བསྐྱར་འབྱུང་བའི་རྣམ་པར་གནས་ཡོད་ལ། དེ་ལས་གཏན་འཇགས་མིན་པའི་རང་བཞིན་དང་རུལ་སུངས་ཀྱི་ཕྱོགས་མང་རིང་ལུགས་འབྱུང་སྲིད་པ་དང་། དེའི་ནང་གི་ཉེན་ཁ་ནི་མིའི་རིགས་ཀྱིས་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། ཁོས་ཕྱོགས་མང་ཉོ་ཚོང་མ་ལག་སླར་གསོ་བྱས་ཏེ། དྲང་བདེན་དང་ཚོད་དཔག་ཐུབ་པ། འདྲ་མཉམ། མཐོང་ཆུང་མེད་པའི་ཉོ་ཚོང་སྤེལ་དགོས་པའི་འབོད་སྐུལ་བཏང་། ལུའུ་ལཱ་ཡིས་གསེར་གྱོམ་རྒྱལ་ཁབ་བར་གྱི་ཉོ་ཚོང་ཐུན་མོང་དངུལ་ལོར་གསར་འཛུགས་བྱེད་དགོས་པའི་གལ་ཆེན་རང་བཞིན་ཡང་བསྐྱར་ནན་བཤད་བྱས།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉིན་དེར་བརྙན་རིས་ཀྱི་ཐབས་ལ་བརྟེན་ནས་ཞུ་ཚིག་ཕུལ། ཕུའུ་ཅིན་གྱིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱིས་ལོ་རེ་བཞིན་རང་སྟེང་གི་སྦས་ཤུགས་ཇེ་དྲག་ཏུ་བཏང་ནས། འཛམ་གླིང་ཡོངས་ཀྱི་གར་སྟེགས་སྟེང་གི་རྐྱེན་སྲོལ་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་འཛམ་གླིང་ཡོངས་ཀྱི་གསར་གཏོད་དང་གྲངས་ལྡན་ཅན་གྱི་འཕར་བསྒྱུར། མིའི་བཟོས་རིག་ནུས། ལས་རིགས་སློབ་གསོ། བུད་མེད་ལས་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། སང་ལོར་ཨུ་རུ་སི་ཡིས་གསེར་གྱོམ་རྒྱལ་ཁབ་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་སུ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་ནག་དངུལ་དཀར་བསྒྱུར་བྱེད་པར་ངོ་རྒོལ་བྱེད་པ། དངུལ་ལོར་གྱི་རྩིས་ལེན་རྒྱ་བསྐྱེད་པ། དངུལ་ཁང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་བཅས་ལ་དོ་སྣང་བྱས་ཏེ། ཚན་རིག་དང་གསར་གཏོད། སྨན་བཅོས་བདེ་སྲུང་། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་འབྲེལ་འདྲིས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཉེ་བའི་ལོ་ངོ་ཉི་ཤུའི་རིང་ལ། གསེར་གྱོམ་རྒྱལ་ཁབ་ཀྱིས་གྲུབ་འབྲས་མང་བོ་བླངས་ཡོད་ཅིང་། གསར་སྤེལ་དངུལ་ཁང་གསར་བས་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། མཁའ་འགྲུལ་མཉམ་ལས་དང་འགོག་སྨན་གསར་སྤེལ་སྟེ་གནས་བཙུགས་པ་སོགས་ཀྱི་བྱེད་ཐབས་མང་བོར་བརྟེན་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་མཉམ་ལས་རྐྱེན་སྲོལ་དེས་གསེར་གྱོམ་རྒྱལ་ཁབ་དག་གི་མང་ཚོགས་དཀྱུས་མའི་འཚོ་བར་ལེགས་བཅོས་ཆེན་པོ་བྱས་ཡོད་ཟེར། མའོ་ཏིས་ཀྱིས་གསེར་གྱོམ་རྒྱལ་ཁབ་དག་གིས་མཁའ་འགྲུལ་དང་སློབ་གསོ། ལག་རྩལ། སྲོལ་རྒྱུན་གསོ་རིག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱེད་དགོས་པའི་གྲོས་གཞི་བཏོན། མའོ་ཏིས་ཀྱིས་བསྟན་དོན། རྒྱ་གར་གྱིས་ཤུགས་ཆེན་པོས་གསེར་གྱོམ་རྒྱལ་ཁབ་ཀྱི་གཞི་རྒྱ་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པར་མ་ཟད། དེའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་ནས་གྲུབ་འབྲས་ལོན་ཐུབ་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།