དབྱི་རག་གི་མགོ་ཁྲིད་པས་ཚེས་ཉེར་གསུམ་ཉིན་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་དང་མཉམ་དུ་ཆུའི་ཐོན་ཁུངས་དང་ས་ཁུལ་གྱི་བདེ་འཇགས། ཕྱོགས་གཉིས་ཀྱི་འབྲེལ་བ། དེ་མིན་དཔལ་འབྱོར་ཉོ་ཚོང་མཉམ་ལས་སོགས་གནད་དོན་ཐད་ནས་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཆུའི་ཐོན་ཁུངས་དང་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཙུང་ཐུང་ལཱ་ཞེ་ཏི་ཡིས་ཧྥེ་ཏན་ལ་ཐུག་འཕྲད་བྱེད་སྐབས་ནན་གྱིས་བསྟན་དོན། དབྱི་རག་ཛ་དྲག་ཆེ་བའི་ཆུའི་ཐོན་ཁུངས་ཀྱི་ཉམས་ཉེན་ལ་འཕྲད་ཡོད་ཅིང་། ཏིས་ཀི་ལི་སི་ཆུ་བོ་དང་ཡུག་ཧྥ་ལཱ་ཏིས་ཆུ་བོ། དེ་མིན་དབྱི་རག་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཆུ་རྒྱུན་དག་གི་བཞུར་ཚད་ཇེ་ཉུང་དུ་སོང་བ་ལས་དབྱི་རག་མི་དམངས་ཀྱི་སྤྱི་བའི་འཚོ་བར་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པས། ཕྱོགས་གཉིས་ཀྱིས་དབྱི་རག་ལ་ཆུའི་ཐོན་ཁུངས་འདང་ཚིམས་པ་ཐོབ་པའི་ཐད་ནས་ཐུན་མོང་ལྟ་ཚུལ་འགོད་པའི་དགོས་པ་ཡོད་ཟེར། ཧྥེ་ཏན་གྱིས་བསྟན་དོན། ཐུར་ཁེ་ཡིས་དབྱི་རག་དང་མཉམ་དུ་འགུལ་སྐྱོད་སྤེལ་ནས། དབྱི་རག་གི་ཆུའི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་འདོད་ཡོད་ཟེར།
དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཀྱང་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཙུང་ལི་སུའུ་ཏཱ་ནེ་དང་ཧྥེ་ཏན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། རིམ་པ་སོ་སོའི་མཉམ་ལས་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་ཉོ་ཚོང་གྲོགས་པོའི་འབྲེལ་བར་ཤུགས་སྣོན་པ། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས་ཟེར།
ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་ཧྥེ་ཏན་དབྱི་རག་གི་རྒྱལ་ས་པཱ་ཀི་ཏཱ་རུ་འབྱོར་ནས་དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧི་སེ་ཡུན་དང་གྲོས་མོལ་བྱས། ཧི་སེ་ཡུན་གྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐན་སྐྱོན་གྱིས་དབྱི་རག་གི་དཔལ་འབྱོར་དང་ཞིང་ལས་འཕེལ་རྒྱས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་ཅིང་། ཏིས་ཀི་ལི་སི་ཆུ་བོ་དང་ཡུག་ཧྥ་ལཱ་ཏིས་ཆུ་བོའི་ཆུ་ཁུངས་ནི་ཐུར་ཁེ་ནས་ཡོང་བ་ཡིན་པས། རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འགུལ་སྐྱོད་སྤེལ་ནས་ཆུའི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། ཧྥེ་ཏན་གྱིས་བསྟན་དོན། ཐུར་ཁེ་ཡིས་དབྱི་རག་དང་མཉམ་དུ་ཆུའི་ཐོན་ཁུངས་གནད་དོན་ཐད་ནས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་འཛུགས་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།